ལས་སྡེའི་གཞི་བཀོད།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་འདི་ རང་སྐྱོང་ཡིག་ཚང་ཅིག་ཨིནམ་དང་ ཡིག་ཚང་འདི་གིས་ གཞུང་གི་ཁྱབ་དབང་དང་ དབང་འཛིན་གྱི་ནང་འཁོད་ལས་བྱུང་བའི་འགན་ཁུར་ཚུ་དང་ གཞན་ཡང་ ཡིག་ཚང་འདི་ལུ་ སྤྲོད་དེ་ཡོད་པའི་ཁྲིམས་ཀྱི་གནད་དོན་ཚུ་ བསྟར་སྤྱོད་འབད་དགོཔ་ཨིན། རྩོད་དཔོན་ཡོངས་ཁྱབ་འདི་ འབྲུག་གི་རྩ་ཁྲིམས་ཆེན་མོའི་རྩ་ཚན་༢༩ ༼༢༽ པའི་དགོངས་དོན་ལྟར་ བློན་ཆེན་གྱི་གྲོས་འདེབས་ཐོག་ འབྲུག་རྒྱལ་པོ་མཆོག་གིས་ སྐུ་ཉིད་ཀྱི་ཕྱག་རྟགས་དང་ཕྱག་དམ་ཅན་གྱི་བཀའ་ཐམ་འོག་ལུ་ རྩོད་དཔོན་ཡོངས་ཁྱབ་སྦེ་ བསྐོ་བཞག་གནང་ཡོད་པའི་ ཁྱད་ལྡན་གྱི་ཁྲིམས་ཀྱི་མཁས་མཆོག་ཅིག་ཨིནམ་དང་ གནས་ཡུན་དེ་ཡང་ ལོ་ལྔའམ་ སྐྱེས་ལོ་༦༥ གཉིས་ ག་ཧ་མི་ཚུན་ཚོད་ཀྱི་བར་ན་ ཕྱག་ཕྱིད་ཞུ་དགོཔ་ཨིན། རྩོད་དཔོན་ཡོངས་ཁྱབ་འདི་ མཐོ་ཤོས་གནས་ཡུན་གཉིས་ཀྱི་ཚད་འཛིན་ཐོག་ ལོག་བསྐོ་བཞག་འབད་ཆོག
རྩོད་དཔོན་ཡོངས་ཁྱབ་འདི་ ཁྲིམས་དོན་འགོ་དཔོན་གཙོ་བོ་འབད་ནི་འདི་གིས་ གཞུང་གི་ཁྲིམས་དོན་གྲོས་དཔོན་དང་ཁྲིམས་དོན་གྱི་སྐུ་ཚབ་ཨིན། གཞུང་ལུ་ ཁྲིམས་ཀྱི་གནད་དོན་སྐོར་ སྟེགས་གསོ་དང་གྲོས་འབུལ་ཕུལ་ནི་ རྒྱལ་ཁབ་ཀྱི་རྩོད་གཞི་ནང་ ཉེས་བཤེར་དང་དགག་ལན་འབད་ནི་དང་ དྲང་ཁྲིམསཀྱི་རྗེས་སུ་བཟུང་སྟེ་ བྱ་སྒོ་གཞན་ཡང་འཐབ་དགོ རྩོད་དཔོན་ཡོངས་ཁྱབ་ཀྱིས་ ཁོའམ་མོ་རའི་འགན་ཁུར་སྒྲུབ་པའི་སྐབས་ འབྲུག་ནང་འཁོད་ཀྱི་ཁྲིམས་འདུན་ཡོངས་ཀྱི་འདུན་ས་ལུ་ བཅར་ནིའི་ཐོབ་དབང་ཡོདཔ་མ་ཚད་ ཕྱི་རྒྱལ་ཁབ་ཀྱི་ཁྲིམས་འདུན་ཡོངས་ཀྱི་འདུན་ས་ལུ་ཡང་ རྒྱལ་ཁབ་ཀྱི་ངོ་ཚབ་སྦེ་ བཅར་ནིའི་ཐོབ་དབང་ཡོད། རྩོད་དཔོན་ཡོངས་ཁྱབ་ལུ་ རྩོད་གཞི་གང་རུང་ཅིག་གི་བཤེར་གཏུགས་ འགོ་བཙུགས་ ཡང་ན་ ཕྱིར་བཏོན་ཚུ་ ཁྲིམས་དང་འཁྲིལ་ཏེ་འབད་ནིའི་དབང་ཚད་ཡོད། དེ་མ་ཚད་ ཁྲིམས་འདུན་ཡོངས་ཀྱི་འདུན་ས་ལུ་ བཅར་ནིའི་ཐོབ་དབང་ཡོདཔ་མ་ཚད་ ཁྲིམས་དོན་གྱི་འདྲི་བ་གང་རུང་ཅིག་གི་སྐོར་ལས་ སྤྱི་ཚོགས་ནང་ ངོ་བཅར་འབད་དེ་ བསམ་འཆར་ཚུ་བརྗོད་ནིའི་ཐོབ་དབང་ཡོད།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་བཅའ་ཁྲིམས་༢༠༡༥ ཅན་མའི་དོན་ཚན་༦༣ པའི་དགོངས་དོན་བཞིན་ རྩོད་དཔོན་ཡོངས་ཁྱབ་ཀྱི་འགན་འཁྲི་འདི་ འབྲུག་རྒྱལ་པོ་མཆོག་དང་ བློན་ཆེན་ལུ་ཡོད། དེ་འབདཝ་ལས་ རྩོད་དཔོན་ཡོངས་ཁྱབ་ཀྱིས་ འབྲུག་རྒྱལ་པོ་མཆོག་དང་ བློན་ཆེན་ལུ་ ཡིག་ཚང་གི་ལས་དོན་ཚུ་གི་སྐོར་ལས་ ལོ་བསྟར་སྙན་ཞུ་ཅིག་ ཕུལ་དགོ་པའི་འགན་དབང་ཡོད།
རྒྱལ་ཁབ་ རྒྱལཔོ་དང་ གཞུང་རྩ་བ་གསུམ་ལུ་ ཕྱག་ཕྱིད་ཞུ་ནིའི་དོན་ལུ་ ཁག་འགན་དམ་ཟབ་ཅན་ཅིག་ འགན་བཅོལ་འབད་ཡོད་མི་དེ་ཡང་ ཁྲིམས་ཀྱི་རིང་ལུགས་དང་ དྲང་ཁྲིམས་གོང་ལུ་བཀུར་ཡོདཔ་ ངེས་གཏན་བཟོ་ནིའི་དོན་ལུ་ཨིན། རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་བཅའ་ཁྲིམས་༢༠༡༥ ཅན་མའི་དོན་ཚན་༩༣ པའི་དགོངས་དོན་དང་འཁྲིལ་བ་ཅིན་ འབྲུག་རྒྱལ་པོ་མཆོག་གིས་ གཤམ་གསལ་གནད་དོན་ཐོག་ལུ་ བློན་ཆེན་གྱི་གྲོས་འདེབས་ཐོག་ རྩོད་དཔོན་ཡོངས་ཁྱབ་ ཕྱིར་དབྱུང་ ཡང་ན་ དགོངས་ཞུ་འབད་བཅུག་ནིའི་རྒྱུ་མཚན་ཚུ་ཡངཿ
༡༽ སྦུང་སྒུལ་ དྲན་ཤེས་ ཡང་ན་ གཞན་རིགས་ཀྱི་འཇོན་ཐངས་མེདཔ་ལས་ ཁོའམ་མོའི་འགན་ཁུར་ཚུ་ བསྒྲུབ་ཚུགས་པའི་ལྕོགས་གྲུབ་མེད་པ།
༢༽ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་བཅའ་ཁྲིམས་ཀྱི་དོན་ཚན་གང་རུང་ཅིག་དང་འགལ་བ་ ཡང་ན་
༣༽ ཁྲིམས་གང་རུང་ཅིག་གི་འོག་ལུ་ ཁྲིམས་གཅོད་གྲུབ་པ།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་སྒྲིག་བཀོད།
རྩོད་དཔོན་ཡོངས་ཁྱབ་༣ པའི་གནས་ཡུན་སྐབས་ལུ་ ཡིག་ཚང་སྒྲིག་བཀོད་གཞི་སྒྱུར་འབདཝ་དང་འབྲེལ་ སྤྱི་ལོ་༢༠༡༦ སྤྱི་ཟླ་༦ པའི་སྤྱི་ཚེས་༢༨ ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ཡིག་ཚང་འདི་ནང་ ཁྲིམས་དོན་ཞབས་ཏོག་ལས་ཁུངས་དང་ དྲང་ཁྲིམས་ལས་ཁུངས་གཉིས་ གཞི་བཙུགས་འབད་ནིའི་གནང་བ་གནང་ཡོདཔ་བཞིན་ དེ་གི་དོན་ལུ་ མདོ་ཆེན་གཉིས་ཀྱི་ས་སྟོང་སྒོ་ཕྱེ་མི་དེ་གིས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་དང་ གཞུང་གི་ལྷན་ཁག་དང་ལས་སྡེ་ཁག་ཚུ་ནང་ལུ་ འཛུལ་ཞུགས་འབད་མི་ ཁྲིམས་དོན་འགོ་དཔོན་ཚུ་གི་དོན་ལུ་ གཡོག་གི་མདུན་ལམ་གསརཔ་ཅིག་ འགོ་བཙུགས་ཏེ་ཡོདཔ་ཨིན།
ཡིག་ཚང་འདི་གི་ རྩ་ཁྲིམས་ཅན་གྱི་འགན་དབང་ཚུ་ ལས་ཁུངས་ཁག་གཉིས་བརྒྱུད་དེ་ བསྒྲུབ་ནི་ཨིནམ་དང་ དེ་ནང་ལུ་ སྡེ་ཚན་ཁག་གསུམ་ཡོད་མི་དེ་ཡང་ ཁྲིམས་དོན་ཞབས་ཏོག་སྡེ་ཚན་དང་ ཟིན་འགོད་དང་བསྐྱར་ཞིབ་སྡེ་ཚན་ དེ་ལས་ ཉེས་བཤེར་དང་རྩོད་བཤེར་སྡེ་ཚན་ཚུ་ཨིན། རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་བཅའ་ཁྲིམས་ཀྱི་དོན་ཚན་༧ པའི་དགོངས་དོན་བཞིན་ ཡིག་ཚང་འདི་ནང་ ལས་ཁུངས་དང་སྡེ་ཚན་ དེ་ལས་ སྡེ་ཕྲན་ཁ་སྐོང་ གཞི་བཙུགས་འབད་དགོཔ་འཐོན་པ་ཅིན་ རྩོད་དཔོན་ཡོངས་ཁྱབ་ཀྱིས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་དང་གྲོས་བསྟུན་ཐོག་ལུ་ གཞི་བཙུགས་འབད་ཆོགཔ་ཨིན། དོ་རུང་ ཡིག་ཚང་འདི་ནང་ ‘རྒྱལ་སྤྱི་ཁྲིམས་འབྲེལ་སྡེ་ཚན་’ ཟེར་མི་ སྡེ་ཚན་གསརཔ་ཅིག་གནང་བ་གྲུབ་ཡོདཔ་དང་ སྡེ་ཚན་འདི་གིས་ རྒྱལ་སྤྱིའི་ཁྲིམས་དང་མཐའ་འཁོར་ཁྲིམས་ཀྱི་གནད་དོན་ཚུ་གི་ཐོག་ལུ་ དམིགས་བསལ་དུ་གཙོ་བོར་བཏོན་ནི་ཨིན།
ད་ལྟོ་འབད་བ་ཅིན་ རྩོད་དཔོན་ཡོངས་ཁྱབ་ལུ་ ཁྲིམས་དོན་ཞབས་ཏོག་ལས་ཁུངས་ཀྱི་མདོ་ཆེན་གྱིས་གཙོས་པའི་ སྡེ་ཚན་གསུམ་གྱི་གཙོ་འཛིན་ཚུ་གིས་ རྒྱབ་སྐྱོར་འབད་དེ་ཡོད།
དྲང་ཁྲིམས་ལས་ཁུངས།
དྲང་ཁྲིམས་ལས་ཁུངས་ཀྱི་འོག་ལུ་ ཉེས་བཤེར་དང་རྩོད་བཤེར་སྡེ་ཚན་ རྒྱུ་དངོས་དང་འཁྲུན་ཆོད་བསྟར་སྤྱོད་སྡེ་ཕྲན་ དེ་ལས་ བརྡ་བརྒྱུད་དང་བརྡ་དོན་ཞབས་ཏོག་དང་ དཔེ་མཛོད་སྡེ་ཕྲན་ཚུ་ཡོདཔ་ཨིན།
ཉེས་བཤེར་དང་རྩོད་བཤེར་སྡེ་ཚན།
དྲང་ཁྲིམས་ལས་ཁུངས་འོག་ལུ་ཡོད་པའི་ ཉེས་བཤེར་དང་རྩོད་བཤེར་སྡེ་ཚན་ལུ་ རྒྱལ་ཁབ་ཀྱི་ངོ་ཚབ་སྦེ་ ཉེས་རྩོད་དང་ཞི་རྩོད་གཉིས་ རིམ་པ་བཞིན་ ཉེས་བཤེར་དང་རྩོད་བཤེར་འབད་ནིའི་འགན་དབང་སྤྲོད་དེ་ཡོད། དེ་གི་དབང་ཚད་ཡང་ འབྲུག་གི་རྩ་ཁྲིམས་ཆེན་མོའི་རྩ་ཚན་༢༩ པའི་དགོངས་དོན་དང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་བཅའ་ཁྲིམས་དོན་ཚན་༡༠ པའི་དགོངས་དོན་དང་འཁྲིལ་ གནང་སྟེ་ཡོདཔ་ཨིན། རྩོད་དཔོན་མང་ཤོས་ཅིག་ར་ ཉེས་བཤེར་དང་རྩོད་བཤེར་སྡེ་ཚན་ནང་ཡོདཔ་དང་ དེ་ཡང་ རྩོད་དཔོན་༣༣ དང་ ཁག་འབག་རྩོད་དཔོན་༣ དེ་ལས་ རྩོད་དཔོན་ལས་རོགསཔ་༦ བཅས་ རྩོད་དཔོན་༤༢ ཡོདཔ་ཨིན། ཁོང་ག་ར་ལུ་ ཉེས་བཤེར་དང་རྩོད་བཤེར་གྱི་འགན་ཁུར་ཧྲིལ་བུམ་བཀལ་ཏེ་ཡོདཔ་ཨིན།
གོམས་འདྲིས་ལས་རིམ།
ཡིག་ཚང་གིས་ ཁྲིམས་ཀྱི་རིང་ལུགས་རྗེས་སུ་བཟུང་སྟེ་ ནུས་ཤུགས་ཅན་གྱི་ཁྲིམས་ལུགས་བཟོ་ཐབས་ལུ་ གོམས་འདྲིས་ལས་རིམ་ཚུ་ རྒྱ་ཆེ་དྲགས་སྦེ་བྱིནམ་ཨིན། གོམས་འདྲིས་ལས་རིམ་ཚུ་ཡང་ ཁྲིམས་ཀྱི་སློབ་ཕྲུག་ཚུ་དང་ ལཱ་གཡོག་གསརཔ་ནང་འཛུལ་མི་ཚུ་ ཤུལ་ལས་ ཁོང་རའི་དང་འདོད་བཞིན་ གདམ་འཐུ་འབད་ནི་ནང་ ཆ་རོགས་འབད་ཚུགས་པའི་ཐབས་ལུ་ དངོས་འབྲེལ་ཁྲིམས་ཀྱི་ཤེས་ཡོན་ཚུ་བྱིནམ་ཨིན། ཁྲིམས་ཀྱི་ཆོས་ཚན་དང་འཁྲིལ་ཏེ་ གོམས་འདྲིས་དུས་ཡུན་ཡང་ ཟླ་ངོ་༡ ལས་ ལོ་ངོ་༡ གི་བར་ན་ འགོརཝ་ཨིན། གོམས་གཡོགཔ་ཚུ་ ཉེས་འདོགས་པ་གོངམ་ཚུ་དང་རྩོད་དཔོན་ཚུ་གི་ལྟ་རྟོག་འོག་ལུ་ འགན་ཁུར་སྤྲོད་དེ་བཞགཔ་ཨིན། དེ་སྦེ་ ཡིག་ཚང་ནང་ གོམས་གཡོག་རྒྱུག་མི་ལས་བརྟེན་ ཁོང་གི་རྒྱུད་ལུ་ ཁྲིམས་ཀྱི་ཤེས་ཡོན་དང་ དངོས་འབྲེལ་ཉམས་མྱོང་ཚུད་དེ་ ཤུལ་ལས་ གཏན་གཡོག་ནང་འཛུལ་ཞུགས་འབད་ནིའི་དོན་ལུ་ གྲ་སྒྲིག་ལེགས་ཤོམ་སྦེ་བརྐྱབ་ཚུགས་པའི་ཁེ་ཕན་ཡོདཔ་ཨིན།
ཁྲིམས་དོན་ཞབས་ཏོག་ལས་ཁུངས།
ཁྲིམས་དོན་ཞབས་ཏོག་ལས་ཁུངས་ཀྱི་འགན་ཁུར་འདི་ རྩོད་དཔོན་ཡོངས་ཁྱབ་དང་ འབྲུག་གཞུང་ལུ་ ཁྲིམས་ཀྱི་གནད་དོན་གང་རུང་ཅིག་གི་ཐོག་ལུ་ གྲོས་འབུལ་ཕུལ་ནི་དང་ གཞུང་གི་ཆ་གནས་ཡོད་པའི་ཁྲིམས་ཚུ་ ཟིན་འགོད་དང་བསྐྱར་ཞིབ་འབད་ནི་ཚུ་ཨིན། དེ་གི་དབང་ཚད་ཡང་ འབྲུག་གི་རྩ་ཁྲིམས་ཆེན་མོའི་རྩ་ཚན་༢༩ པའི་དགོངས་དོན་དང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་བཅའ་ཁྲིམས་དོན་ཚན་༡༠ པའི་དགོངས་དོན་དང་འཁྲིལ་གནང་སྟེ་ཡོདཔ་ཨིན། ལས་ཁུངས་འདི་ གོང་གསལ་འགན་དབང་དང་འཁྲིལ་ ཁྲིམས་དོན་ཞབས་ཏོག་སྡེ་ཚན་དང་ ཟིན་འགོད་དང་བསྐྱར་ཞིབ་སྡེ་ཚན་བཅས་ སྡེ་ཚན་གཉིས་ལུ་ཁག་དབྱེ་སྟེ་ཡོདཔ་ཨིན།
ཁྲིམས་དོན་ཞབས་ཏོག་སྡེ་ཚན།
ཁྲིམས་དོན་ཞབས་ཏོག་སྡེ་ཚན་གྱི་འགན་ཁུར་གཙོ་བོ་ར་ རྩོད་དཔོན་ཡོངས་ཁྱབ་འདི་ རྒྱལ་ཁབ་ཀྱི་ཁྲིམས་དོན་གྲོས་དཔོན་དང་ངོ་ཚབ་ཅིག་ཨིནམ་ལས་ ཁོའམ་མོ་རའི་ འགན་ཁུར་འབག་ནི་ནང་ རྒྱབ་སྐྱོར་ཕུལ་དགོཔ་ཨིན།
སྡེ་ཚན་འདི་གིས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་བཅའ་ཁྲིམས་ཀྱི་ནང་གསལ་བཞིན་ གཞུང་གིས་དྲི་གཏུགས་འབད་མི་ ཁྲིམས་ཀྱི་གནད་དོན་དང་ གཞན་ཡང་ཁྲིམས་ཀྱི་རིགས་སུ་གཏོགས་པའི་གནད་དོན་ཐོག་ལུ་ ཁྲིམས་དོན་བསམ་འཆར་དང་ཞབས་ཏོག་ཚུ་བྱིན་ནི་ ཁྲིམས་ཀྱི་མཁས་ལྡན་ཚུ་ལུ་ ཁྲིམས་ཀྱི་ཤེས་ཡོན་བྱིན་ནི་ དེ་ལས་ ད་རེས་ནངས་པའི་ཁྲིམས་ཀྱི་ལེགས་སྒྱུར་ཐོག་ལུ་ སྤྱིར་བཏང་མི་མང་ཡོངས་ལུ་ ཁྲིམས་ཀྱི་གོ་བ་བརྡ་སྤྲོད་ལས་རིམ་ཚུ་ འགོ་འདྲེན་འཐབ་དགོ་པའི་འགན་ཁག་བཀལ་ཏེ་ཡོདཔ་ཨིན།
དེ་མ་ཚད་ ནམ་ར་འབད་རུང་ ཡིག་ཚང་འདི་ལུ་ བྱ་བའི་གནད་སྤྱོད་དང་ལམ་སྟོན་ལ་སོགས་པ་གང་རུང་ཅིག་ བཟོ་དགོ་པའི་འགན་ཁུར་སྤྲོད་པའི་སྐབས་ འབྲེལ་ཡོད་ཁྲིམས་འབྲེལ་གཙུག་སྡེ་ཚུ་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་འབད་དགོཔ་ཨིན། འགན་ཁུར་དེ་ཚུ་ འཐུས་ཤོར་མེད་པར་འབག་ཚུགས་ནིའི་དོན་ལུ་ སྡེ་ཚན་འདི་ གྲོས་འབུལ་སྡེ་ཕྲན་དང་ ཁྱབ་སྤེལ་སྡེ་ཕྲན་བཅས་ སྡེ་ཕྲན་གཉིས་ལུ་ ཁག་དབྱེ་སྟེ་ཡོདཔ་ཨིན། དོ་རུང་ སྡེ་ཚན་འདི་གི་འོག་ལུ་ རྫོང་ཁ་ཁྱད་རྩལ་སྡེ་ཕྲན་ཅིག་ཡང་ཡོདཔ་ཨིན།
གྲོས་འབུལ་སྡེ་ཕྲན།
གྲོས་འབུལ་སྡེ་ཕྲན་གྱིས་ གཙོ་བོ་ར་ ནང་འཁོད་ཀྱི་ཁྲིམས་དང་རྒྱལ་སྤྱིའི་ཁྲིམས་གཉིས་དང་འབྲེལ་བ་འཐབ་ཨིན། ཁྲིམས་ཀྱི་དོན་ཚན་ཚུ་ཡང་ རྒྱལ་སྤྱིའི་ལྷན་འཛོམས་དང་ཆིངས་ཡིག་ལས་འགོ་བཟུང་ རྩ་ཁྲིམས་ཅན་གྱི་གཞུང་སྐྱོང་གི་གནད་དོན་ཚུ་དང་ ཁྲལ་འབབ་ བཅད་མཚམས་ བཙག་འཐུ་ གཏེ་པོ་སྤྲོད་ལེན་ གཞུང་གི་ཁག་འབག་ ཡོངས་འབྲེལ་ཉེན་སྲུང་ལ་སོགས་པ་ཚུ་བརྩིས་པའི་ཉེས་རྩོད་དང་ཞི་རྩོད་ཀྱི་བར་ན་ཚུདཔ་ཨིན།
ཁྱབ་སྤེལ་སྡེ་ཕྲན།
ཁྱབ་སྤེལ་སྡེ་ཕྲན་གྱིས་ ཁྲིམས་ཀྱི་མཁས་ལྡན་ཚུ་ལུ་ ཁྲིམས་ཀྱི་ཤེས་ཡོན་བྱིན་ནི་དང་ ད་རེས་ནངས་པའི་ཁྲིམས་ཀྱི་ལེགས་སྒྱུར་ཐོག་ལུ་ སྤྱིར་བཏང་མི་མང་ཡོངས་ལུ་ ཁྲིམས་ཀྱི་གོ་བརྡ་སྤེལ་ནི་ནང་ དམིགས་བསལ་དུ་གཙོ་བོར་བཏོནམ་ཨིན།
རྫོང་ཁ་ཁྱད་རྩལ་སྡེ་ཕྲན།
རྫོང་ཁ་ཁྱད་རྩལ་སྡེ་ཕྲན་ནང་ལུ་ ད་ལྟོ་འབད་བ་ཅིན་ སྐད་ཡིག་གོང་འཕེལ་འགོ་དཔོན་གོངམ་ཅིག་ཡོདཔ་དང་ དེ་གིས་ སྡེ་ཚན་གསུམ་ལུ་ དམིགས་བསལ་དུ་སྐད་སྒྱུར་གྱི་ལཱ་དང་ གཞན་ཡང་ཁྲིམས་ཁང་ཞུ་ཡིག་གི་རིགས་ཚུ་འབྲི་ནི་ནང་ རྒྱབ་སྐྱོར་བྱིནམ་ཨིན།
ཟིན་འགོད་དང་བསྐྱར་ཞིབ་སྡེ་ཚན།
ཟིན་འགོད་དང་བསྐྱར་ཞིབ་སྡེ་ཚན་འདི་ གཞུང་གི་ལས་སྡེ་ཁག་ཚུ་དང་གཅིག་ཁར་མཉམ་རུབ་འབད་དེ་ ཁྲིམས་བཟོའི་ཟིན་འགོད་དང་ དཔྱད་ཡིག་དང་བདག་སྐྱོང་གི་ཁྲིམས་བཟོ་བསྐྱར་ཞིབ་འབད་ནི་ནང་ལུ་ རྒྱབ་སྐྱོར་བྱིན་མི་སྡེ་ཚན་ཅིག་ཨིན། སྡེ་ཚན་འདི་ལུ་ ཁྲིམས་ཀྱི་འགན་ཁུར་མ་འདྲཝ་ འགན་བཅོལ་འབད་དེ་ཡོད་མི་ཚུ་ཡངཿ
- གཞུང་གི་ལས་སྡེ་གཞན་ཚུ་གིས་ ཟིན་འགོད་བཏབ་ཡོད་པའི་དཔྱད་ཡིག་དང་བདག་སྐྱོང་གི་ཁྲིམས་བཟོ་བསྐྱར་ཞིབ་འབད་ནི།
- གཞུང་གི་བཀའ་རྒྱ་དང་འཁྲིལ་ ཁྲིམས་བསྐྱར་ཞིབ་འབད་ནིའི་དོན་ལུ་ ཚོགས་ཆུང་ཅིག་གཞི་བཙུགས་འབད་ནི་དང།
- རྒྱལ་ཁབ་ནང་གི་ཁྲིམས་ག་ར་ བཅོལ་འཇོག་འབད་སའི་ས་སྒོ་ཅིག་སྦེ་ ལག་ལེན་འཐབ་ནི་ཚུ་ཨིན།
གཞན་ཡང་ སྡེ་ཚན་འདི་གིས་ ལྷན་ཁག་དང་གཞུང་གི་ལས་སྡེ་ཁག་ཚུ་ནང་ལས་ཕར་ ལཱ་འབད་མི་ ཁྲིམས་རྩོདཔ་ཚུ་ག་རའི་དོན་ལུ་ ཟིན་འགོད་དང་བསྐྱར་ཞིབ་སྦྱོང་བརྡར་ཚུ་བྱིན་དོ་ཡོདཔ་ཨིན།
བདག་སྐྱོང་ཞབས་ཏོག
རྩོད་དཔོན་ཡོངས་ཁྱབ་འོག་གི་བདག་སྐྱོང་གི་ཞབས་ཏོག་འདི་ཡང་ ཡིག་ཚང་གི་ཉིན་བསྟར་བྱ་རིམ་ཚུ་ འཐུས་ཤོར་མེད་པར་ སྒྲིང་སྒྲིང་སྦེ་བཞག་ནི་ལུ་ རྒྱབ་སྐྱོར་བྱིན་མི་ ཡན་ལག་ཡིག་ཚང་གཙོ་བོ་ཅིག་ཨིན། བདག་སྐྱོང་ཞབས་ཏོག་འདི་ཡང་ ཚེ་དབང་རིན་ཆེན་གྱིས་ འགོ་འཛིན་འབད་དེ་ཡོདཔ་དང་ དེ་ནང་ བདག་སྐྱོང་ དངུལ་རྩིས་ མི་སྟོབས་དང་ བརྡ་དོན་འཕྲུལ་རིག་སྡེ་ཕྲན་ཚུ་ཚུདཔ་ཨིན།