རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་འདི་ འབྲུག་གི་འཛིན་སྐྱོང་ལྷན་སྡེའི་ཁྲིམས་དོན་ཡན་ལག་ཅིག་ཨིན། ཡིག་ཚང་འདི་ འགོ་ཐོག་ སྤྱི་ལོ་༡༩༩༩ལུ་ གཞུང་སྐྱོང་ལེགས་ལྡན་འཕེལ་རྒྱས་ཀྱི་ཐབས་ལུ་ གཞི་འཛུགས་འབད་ཡོད་མི་ དམིགས་བསལ་ལས་བྱེད་ཚོངས་ཆུང་གི་རྒྱབ་སྣོན་དང་འཁྲིལ་ཏེ་ ཁྲིམས་དོན་ཡིག་ཚང་སྦེ་ གཞི་བཙུགས་འབད་ཡོདཔ་ཨིན། (Ref.: RCSC/S-4/99/12 dated 13th December 1999).
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་དང་ཁྲིམས་དོན་ལྷན་ཁག་གཉིས་ ཕྱག་འགན་ཐུན་མོང་ཨིན་པའི་གོ་རྟོགས་བྱུང་ཡོདཔ་དང་ ཡིག་ཚང་འདི་ བློན་པོ་ལྷན་ཚོགས་ཀྱི་ཁྲི་འཛིན་ མི་རྗེ་བློན་པོ་སངས་རྒྱས་དངོས་གྲུབ་ ཞལ་བཞུགས་པའི་སྐབས་ལུ་ བློན་པོ་ལྷན་ཚོགས་ཀྱི་ཐབས་གནས་ཅན་གྱི་གསར་གཏོད་ཡིག་ཚང་ཅིག་སྦེ་ ཆ་གནས་བསྒྲུབས་ནུག། (As mentioned in the Minutes of the Meeting dated 19th October 2001)
དེ་ཡང་ གཞུང་གི་ལས་སྡེ་ཁག་ཚུ་ནང་ དེ་འཕྲོ་ལས་དང་ལེན་འབད་དགོ་པའི་དབང་ཚད་ལོག་སྤྱོད་དང་འབྲེལ་བའི་དཀའ་ངལ་ཚུ་ བརྟག་ཞིབ་འབད་ནིའི་འདུན་པ་བསྐྱེད་དེ་གཞི་བཙུགས་འབད་ནུག (As mentioned in the Minutes of the Meeting dated 19th October 2001)
སྤྱི་ལོ་༢༠༠༠སྤྱི་ཟླ་༡པའི་སྤྱི་ཚེས་༠༡ལུ་ རྒྱལ་ཡོངས་ཚོགས་འདུའི་དྲུང་ཆེན་ དྲགོས་བཀྲིས་ཕུན་ཚོགས་འདི་ ཨ་རྟག་གི་ཕྱག་འགན་གྱིས་མ་ཚད་པར་ དོ་རུང་ཕྱག་འགན་ལྷན་ཐབས་ ཁྲིམས་དོན་ཡིག་ཚང་གི་ཡོངས་ཁྱབ་མདོ་ཆེན་སྦེ་ བསྐོ་བཞག་གནང་ནུག (Ref.: RCSC/S-4/99/4051 dated 24th November 1999)
ཁྲིམས་དོན་ཡིག་ཚང་འདི་ སྤྱི་ལོ༢༠༠༠སྤྱི་ཟླ་༤པའི་སྤྱི་ཚེས་༡༤གི་ཚེ་ ཁྲིམས་མཐུན་གྱི་བྱ་རིམ་ཡོངས་རྫོགས་བསྒྲུབ་ནིའི་དོན་ལུ་ གཞུང་གི་སྐུ་ཚབ་སྦེ་ འགན་ཁུར་འབག་སྟེ་ ཕྱག་ལཱ་གནང་སའི་ཡིག་ཚང་ལྟེ་བ་ཅིག་སྦེ་ གཞུང་འབྲེལ་དུ་གཞི་བཙུགས་འབད་གནང་ནུག ཁྲིམས་དོན་ཡིག་ཚང་འདི་ ཧེ་མ་ མུ་ཏིག་ཐང་སྨད་ལུ་ཡོད་པའི་ ཆུ་ཁ་གློག་མེ་ལས་འགུལ་མགྱོན་ཁྱིམ་གྱི་སྒྲིང་ཁྱིམ་ནང་སྦེ་ གཞིས་ཆགས་ཡོདཔ་དང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་དང་ ནང་སྲིད་ལྷན་ཁག་འོག་གི་ཁྲིམས་དང་བཀའ་བཀྱོན་སྡེ་ཚན་གྱི་ཉེས་བཤེར་ལཱ་འགན་ཚུ་ ཡིག་ཚང་འདི་གིས་ རྩིས་ལེན་ཏེ་ ཕྱག་ལཱ་གནང་ནི་འགོ་བཙུགས་ནུག།
སྤྱི་ལོ་༢༠༠༡གི་ལོར་ དུས་ཡུན་ཐུང་ཀུ་ཅིག་གི་དོན་ལས་ ཁྲིམས་དོན་ཡིག་ཚང་གི་མིང་འདི་ ཁྲིམས་དོན་ལས་ཁུངས་ཟེར་ མིང་བཏགས་གནང་ནུག
སྤྱི་ལོ་༢༠༠༡སྤྱི་ཟླ་༩པའི་སྤྱི་ཚེས་༧ལུ་ ཕུན་ཚོགས་གླིང་དྲུང་ཁག་གི་དྲང་དཔོན་ ཀུན་ལེགས་ཚེ་རིང་འདི་ ཡིག་ཚང་འདི་གི་མདོ་ཆེན་སྦེ་ བསྐོ་བཞག་འབད་ཞིནམ་ལས་ ཡིག་ཚང་གི་མིང་འདི་ ལོག་སྟེ་ར་ ཁྲིམས་དོན་ཡིག་ཚང་ཟེར་ མིང་བཏགས་གནང་ནུག ཁྲིམས་དོན་ཡིག་ཚང་འདི་ནང་ མདོ་ཆེན་གསར་བསྐོས་གནང་བའི་ཤུལ་ ཡོངས་ཁྱབ་མདོ་ཆེན་ དྲགོས་བཀྲིས་ཕུན་ཚོགས་ཀྱི་གནས་ཡུན་འདི་ དེམ་ཅིག་སྦེ་མཇུག་བསྡུ་ནུག
དྲགོས་ཀུན་ལེགས་ཚེ་རིང་གིས་ སྤྱི་ལོ་༢༠༠༦སྤྱི་ཟླ་༣པའི་སྤྱི་ཚེས་༦ (Ref.: OLA/B-18/434 dated 6th March 2006)ལུ་ འབྲུག་གི་རྩོད་གཞིའི་མཐར་ཐུག་ས་ ཁྲིམས་ཁང་གོང་མའི་དྲང་དཔོན་ལུ་ གོ་གནས་ཡར་སེང་མ་གནང་ཚུན་གྱི་རིངས་ལུ་ ཁྲིམས་དོན་ཡིག་ཚང་གི་མདོ་ཆེན་སྦེ་ ཕྱག་ལཱ་གནང་སྟེ་བཞུགས་ནུག ད་རེས་ནངས་པ་ དྲགོས་ཀུན་ལེགས་ཚེ་རིང་འདི་ རྒྱལ་ཡོངས་ཚོགས་སྡེའི་ནང་ མངའ་བདག་རྒྱལ་པོའི་ཁྱད་ལྡན་གྱི་འཐུས་མིའི་གྲས་ལས་གཅིག་ཨིན།
ཡིག་ཚང་འདི་ནང་ མདོ་ཆེན་གསརཔ་བསྐོ་བཞག་མ་གནང་ཚུན་ཚོད་ ད་ལྟོ་ བུམ་ཐང་རྫོང་ཁག་ཁྲིམས་འདུན་གྱི་དྲང་དཔོན་ དྲགོས་པདྨ་རིག་འཛིན་གྱིས་ ལས་ཚབ་མདོ་ཆེན་སྦེ་ ཕྱག་འགན་བསྣམས་ཏེ་ ཕྱག་ལཱ་གནང་ནུག
སྤྱི་ལོ་༢༠༠༦སྤྱི་ཟླ་༤པའི་སྤྱི་ཚེས་༢༦ལུ་ དབང་འདུས་ཕོ་བྲང་ཁྲིམས་འདུན་གྱི་དྲང་དཔོན་ དྲགོས་དམ་ཆོས་རྡོ་རྗེ་འདི་ ཡིག་ཚང་འདི་གི་མདོ་ཆེན་གསརཔ་སྦེ་ བསྐོ་བཞག་གནང་ནུག དེ་ལས་ཚུར་ ཁྲིམས་དོན་ཡིག་ཚང་གིས་ སྤྱི་ལོ་༢༠༠༢ལུ་ བློན་པོ་ལྷན་ཚོགས་ཀྱིས་གནང་བའི་འགན་ཚད་དང་འཁྲིལ་ ཕྱག་ལཱ་གནང་སྟེ་སྡོད་ནུག ཨིན་རུང་ སྤྱི་ལོ་༢༠༠༦སྤྱི་ཟླ་༦པའི་སྤྱི་ཚེས་༣༠ལས་ འབྲུག་གི་རྩ་ཁྲིམས་ཟིན་བྲིས་ཀྱི་རྩ་ཚན་༢༩པའི་དགོངས་དོན་དང་འཁྲིལ་ ཡིག་ཚང་གི་དབང་ཚད་བསྟར་སྤྱོད་འབད་ཐབས་ལུ་ རྒྱལ་ཡོངས་ཚོགས་འདུའི་ཚོགས་ཐེངས་༨༥པ་ཚོགས་པའི་སྐབས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་བཅའ་ཁྲིམས་འདི་ ཆ་འཇོག་གྲུབ་གནང་ནུག།
སྤྱི་ལོ་༢༠༠༦སྤྱི་ཟླ་༨པའི་སྤྱི་ཚེས་༡༥ལུ་ བློན་པོ་ལྷན་ཚོགས་ཀྱི་མཉམ་འབྲེལ་ཚོགས་ཆུང་ཞལ་འཛོམས་ཐེངས་༣༡༨པའི་ནང་ གཞུང་འབྲེལ་དུ་རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ཅིག་ གཞི་བཙུགས་འབད་དགོ་པའི་ཁར་ དེ་ནང་ རྩོད་དཔོན་ཡོངས་ཁྱབ་ཅིག་ཡང་བསྐོ་བཞག་འབད་དགོ་པའི་གྲོས་ཐག་བཅད་ནུག དེ་དང་འཁྲིལ་ཏེ་ སྤྱི་ལོ་༢༠༠༦སྤྱི་ཟླ་༩པའི་སྤྱི་ཚེས་༢༥གི་ཚེ་ འབྲུག་གི་ཁྲིམས་སྤྱི་བློན་པོ་ མི་རྗེ་བསོད་ནམས་སྟོབས་རྒྱས་ཀྱིས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་འདི་ གཞུང་འབྲེལ་སྦེ་འགོ་འབྱེད་གནང་པའི་ཤུལ་ དམ་ཆོས་རྡོ་རྗེ་འདི་ ཧེ་མའི་གོ་གནས་ལས་ རྩོད་དཔོན་ཡོངས་ཁྱབ་ལུ་བསྐོ་བཞག་གནང་ནུག ཤུལ་ལས་ དྲགོས་དམ་ཆོས་རྡོ་རྗེ་གིས་ ཡིག་ཚང་འདི་ལས་ དགོངས་ཞུ་མཛད་དེ་ སྤྱི་ལོ་༢༠༠༧སྤྱི་ཟླ་༨པའི་སྤྱི་ཚེས་༢༢ལུ་ ཡིག་ཚང་གི་ཕྱག་འགན་ཚུ་ག་ར་རྩིས་སྤྲོད་གནང་ནུག (Ref.: OAG/Adm-or/92 dated 22/8/2007) དྲགོས་དམ་ཆོས་རྡོ་རྗེ་འདི་ ད་ལྟོ་ ཕྱི་འབྲེལ་ལྷན་ཁག་གི་བློན་པོའི་གོ་གནས་ལུ་བཞུགས་ཏེ་ཡོད།
ཡིག་ཚང་འདི་ནང་ རྩོད་དཔོན་ཡོངས་ཁྱབ་མེད་པར་ཡུན་རིངམོ་ལུས་པའི་ཤུལ་ སྤྱི་ལོ༢༠༠༨ཀྱི་ལོར་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་འོག་ལུ་ཡོད་པའི་ཟིན་འགོད་དང་བསྐྱར་ཞིབ་སྡེ་ཚན་གྱི་གཙོ་འཛིན་ ཀརྨ་ལྷུན་རྩེ་གིས་ ལས་ཚབ་རྩོད་དཔོན་ཡོངས་ཁྱབ་སྦེ་ ཕྱག་ཕྱིད་ཞུ་ནུག དེ་བསྒང་ ཡིག་ཚང་ལས་བྱེདཔ་གི་ཁ་གྱངས་དང་འཁྲིལཝ་ད་ ཡིག་ཚང་གི་ས་སྒོ་དོག་དྲགས་འབད་ནི་དེ་གིས་ ལས་བྱེདཔ་ཚུ་མ་ཤོང་པའི་དཀའ་ངལ་བྱུང་ནུགདེ་འབད་ནི་དེ་གིས་ སྤྱི་ལོ་༢༠༠༨ལུ་ དཔེ་མཛོད་ཁང་ མཛོད་ཁང་ བདག་སྐྱོང་དང་དངུལ་རྩིས་སྡེ་ཚན་བདེ་ཡངས་སྦེ་ཤོང་ཚུགས་པའི་སྦ་སྒོར་ཅིག་བརྐྱབས་ནུག ལོ་དེ་གི་སྤྱི་ཟླ་༢པའི་སྤྱི་ཚེས་༢༡ལུ་ ཀརྨ་ལྷུན་རྩེའི་འགོ་ཁྲིད་བཟང་པོའི་འོག་ འབྲུག་རྒྱལ་ལྔ་པའི་འཁྲུངས་སྐར་དུས་སྟོན་དང་འབྲེལ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ཡོངས་འབྲེལ་འཆར་སྒོ་ཅིག་ཡང་ འགོ་འབྱེད་འབད་ནུག ཀརྨ་ལྷུན་རྩེ་འདི་ ད་ལྟོ་ ཐིམ་ཕུག་ལུ་ཡོད་པའི་འབྲུག་པི་ཨེན་བི་དངུལ་ཁང་གི་སྲིད་འཛིན་འོགམ་སྦེ་ ཕྱག་ཞུ་སྟེ་ཡོད།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་འདི་ནང་ རྩོད་དཔོན་ཡོངས་ཁྱབ་མེད་པར་ ལོ་གཅིག་འགྱོ་བའི་ཤུལ་ལས་ སྤུ་ན་ཁ་རྫོང་ཁག་གི་དྲང་དཔོན་ རིག་འཛིན་དཔལ་འབྱོར་འདི་ རྩོད་དཔོན་ཡོངས་ཁྱབ་སྦེ་ བསྐོ་བཞག་གནང་པའི་ཤུལ་ སྤྱི་ལོ་༢༠༠༨སྤྱི་ཟླ ༧པའི་ནང་ ཀརྨ་ལྷུན་རྩེ་ལས་ ཡིག་ཚང་འདི་རྩིས་ལེན་ནུག དྲགོས་རིག་འཛིན་དཔལ་འབྱོར་གྱིས་ ཡིག་ཚང་ས་སྒོའི་དཀའ་ངལ་སེལ་ནིའི་དོན་ལུ་གཏན་ཐབས་བསྒྲིགས་ཡོདཔ་ལས་བརྟེན་ ཡིག་ཚང་གསརཔ་རྐྱབ་ནིའི་དོན་ལུ་ འཆར་གཞི་ནང་ཚུད་ནུག། དྲགོས་རིག་འཛིན་དཔལ་འབྱོར་འདི་ རྩོད་དཔོན་ཡོངས་ཁྱབ་སྦེ་ཕྱག་ཕྱིད་ཞུ་སྟེ་ ལོ་ངོ་༢ཙམ་ཅིག་འགྱོ་བའི་ཤུལ་ མངོན་མཐོ་ཁྲིམས་ཀྱི་འདུན་སའི་དྲང་དཔོན་སྦེ་ བསྐོ་བཞག་གནང་ནུག
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་བྱུང་རབས་ནང་ རྩོད་དཔོན་ཡོངས་ཁྱབ་འདི་ ཡིག་ཚང་ནང་འཁོད་ལས་ བསྐོ་བཞག་འབད་ནི་ འགོ་བཙུགས་ཡོད་མི་དེ་ཡང་ ཉེས་བཤེར་དང་རྩོད་བཤེར་སྡེ་ཚན་གྱི་གཙོ་འཛིན་ ཕུན་ཚོགས་དབང་འདུས་འདི་ དྲགོས་རིག་འཛིན་དཔལ་འབྱོར་གྱི་ཚབ་ལུ་ རྩོད་དཔོན་ཡོངས་ཁྱབ་ཀྱི་གོ་གནས་ལུ་ གསར་བསྐོས་གནང་སྟེ་ སྤྱི་ལོ་༢༠༡༠སྤྱི་ཟླ་༥པའི་སྤྱི་ཚེས་༡༤ལུ་ ཡིག་ཚང་ཕྱག་འགན་ཚུ་ རྩིས་ལེན་ནུག