མི་ཚེའི་ལོ་རྒྱུས་ཁ་གསལ་ – ཤེ་ར་ལྷུན་གྲུབ། རྩོད་དཔོན་ཡོངས་ཁྱབ།


དྲག་ཤོས་ཤེས་ར་ལྷུན་གྲུབ་འདི་ དབྱིན་ལོ་༢༠༡༥དབྱིན་ཟླ་༥པའི་དབྱིན་ཚེས་༢༢ལུ་ འབྲུག་གི་རྩོད་དཔོན་ཡོངས་ཁྱབ་སྦེ་ བསྐོ་བཞག་གནང་ནུག དྲག་ཤོས་ཀྱིས་ གཞུང་གཡོག་ནང་བཞུགས་པའི་རིངས་ གཞུང་ལུ་ཕྱག་ཕྱིད་གང་དྲག་ཞུ་ཡོད་པའི་རྟགས་མཚན་ལུ་ གོ་གནས་གོ་གསར་དང་ གཞན་ཡང་གོ་སྐབས་བཟང་པོའི་ཐད་ ཐོགས་ཆག་ག་ནི་ཡང་མེད་པར་ མནོ་ཚད་ལག་ལུ་འཁོར་ བསམ་ཚེ་དོན་ལུ་གྲུབ་ནུག ཁོ་གིས་ ནང་རིག་དང་སྐྱེ་བོ་རིག་པའི་ནང་ མཐོ་རིམ་ཤེས་ཡོན་ཡང་ བཀང་ལུང་ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ནང་ལས་བཞེས་ནུག དོ་རུང་ དབྱིན་ལོ་༡༩༩༦ལུ་ རྒྱ་གར་མཱམ་བའི་ལུ་ཡོད་པའི་ཁྲིམས་ཀྱི་མཐོ་རིམ་སློབ་གྲྭ་ནང་ལས་ གཙུག་ལག་གཞི་རིམ་གྱི་ཤེས་ཡོན་བཞེས་ཡོད་པའི་ཁར་ དྲང་ཁྲིམས་ལྷན་སྡེ་ལས་ རྒྱལ་ཡོངས་ཁྲིམས་ཀྱི་མཐོ་རིམ་རྗེས་མའི་ཤེས་ཡོན་ཡང་བཞེས་ནུག

དེ་གི་ཤུལ་ལས་ དབྱིན་ལོ་༢༠༠༡ ལུ་ ཤེས་ར་གིས་ གཙུག་ལག་མཐོ་རིམ་ཤེས་ཡོན་གྱི་ཤེས་ཚད་འདི་ ཝ་ཤིང་ཊཱོན་ ཌི་སི་ལུ་ཡོད་པའི་ཇིའོརཇ་ཝ་ཤིང་ཊཱོན་ཁྲིམས་འབྲེལ་གཙུག་ལག་སློབ་གྲྭ་ནང་ལས་བཞེས་ཡོད་པའི་ཁར་ ཡུ་ཨེསི་ཁྲིམས་ཀྱི་གཞི་རྟེན་རྩོད་ཉོགས་ མཐའ་འཁོར་ཉེས་ལས་ དྲང་བདེན་བཟོ་ནི་ ཁྲིམས་བརྩམ་ནི་ དེ་ལས་ ནང་འགྲིགས་རིག་རྩལ་ཚུ་གི་ནང་ དམིགས་བསལ་གྱིས་ཆེད་དུ་དམིགས་ཏེ་ སྦྱང་བརྩོན་མཛད་ནུག།

དྲག་ཤོས་ཀྱིས་ འགོ་ཐོག་ དབྱིན་ལོ་༡༩༩༢ ལུ་ ཁྲིམས་ཁང་གོང་མ་ནང་ རྩོད་འཛིན་ཡོངས་ཁྱབ་འོག་མའི་ཕྱག་འགན་བཞེས་ཡོད་པའི་ཁར་ ལོ་ངོ་དྲུག་གི་རིངས་ རྒྱ་གར་ལུ་རྒྱུ་དངོས་གནད་དོན་གྱི་དོན་ལུ་ སྐུ་འཁོར་གྱི་དམིགས་བསལ་ཁྲིམས་མཐུན་རྒྱབ་མི་སྦེ་ ཕྱག་ཞུ་སྟེ་བཞུགས་ནུག རྒྱལ་ཡོངས་མཐའ་འཁོར་ལྷན་ཚོགས་དང་གཅིག་ཁར་ མཐའ་འཁོར་བཅའ་ཁྲིམས་བརྩམས་གནང་པའི་ཤུལ་ དབྱིན་ལོ་༢༠༠༦ལུ་ རྫོང་ཁག་གི་དྲང་དཔོན་སྦེ་བསྐོ་བཞག་གནང་ནུག དབྱིན་ལོ་༢༠༠༩ལུ་ ཁོ་གིས་ གཞུང་གཡོག་ནང་ལས་ དགོངས་ཞུ་འབད་དེ་ རྩོད་དཔོན་ཡོངས་ཁྱབ་ཀྱི་གོ་གནས་མ་བཞེས་ཚུན་ཚོད་ ཁོ་རའི་སྒེར་གྱི་ཁྲིམས་དོན་ཡིག་ཚང་གཅིག་ བཙུགས་འབད་དེ་ ཕྱག་ལཱ་གནང་སྟེ་བཞུགས་ནུག