ཁྲིམས་དོན་ཞབས་ཏོག་སྡེ་ཚན།


སྡེ་ཚན་འདི་གི་འགན་ཁུར་ ངོ་མ་རང་ ཁྲིམས་དོན་ཞབས་ཏོག་བྱིན་ནི་དང་ འབྲུག་མངའ་བདག་རྒྱལཔོ་ ཡང་ཅིན་ གཞུང་གིས་ འགན་བཅོལ་འབད་བ་ ཡང་ན་ དྲི་གཏུགས་འབད་མི་ ཁྲིམས་ཀྱི་གནད་དོན་དང་ གཞན་ཡང་ དེ་དང་འབྲེལ་བའི་གནད་དོན་གྱི་རིགས་ཀྱི་ཐོག་ལུ་ ཁྲིམས་དོན་བསམ་འཆར་བྱིན་ནི་ཚུ་ཨིན། དེ་མ་ཚད་ འབྲུག་གི་ཁྲིམས་རྩོདཔ་ཚུ་ལུ་ ཁྲིམས་དོན་ཤེས་ཡོན་བྱིན་ནི་དང་ མི་མང་ཡོངས་ལུ་ ཁྲིམས་ཀྱི་སྐོར་ལས་ གོ་བརྡ་སྤེལ་དགོཔ་དེ་ཡང་ སྡེ་ཚན་འདི་གི་འགན་ཁུར་ཨིན། སྡེ་ཚན་འདི་ རྩོད་དཔོན་གཙོ་འཛིན་གྱིས་ འགོ་ཁྲིད་འབདཝ་ཨིན།

སྡེ་ཚན་འདི་གིས་ འབྲུག་གཞུང་དང་ གཞུང་གི་ལས་སྡེ་ཁག་ཚུ་ལུ་ རྒྱལ་སྤྱི་དང་ནང་འཁོད་ཀྱི་ཁྲིམས་ཀྱི་གནད་དོན་ཐོག་ལུ་ ཁྲིམས་དོན་ཞབས་ཏོག་ཚུ་བྱིནམ་ཨིན་རུང་ མི་སེར་རེ་རེ་བཞིན་ལུ་ ཁྲིམས་མཐུན་བསླབ་བྱ་ཚུ་ བྱིན་ནི་མེད། ཨིན་རུང་ མི་མང་ལུ་ བརྡ་དོན་བྱིན་ནི་ཡོདཔ་མ་ཚད་ སྤྱིར་བཏང་ཁྲིམས་དང་ བཅའ་ཁྲིམས་ཀྱི་འདྲ་བཤུས་ཚུ་ མི་མང་གིས་ཐོབ་ཚུགས་བཟོཝ་ཨིན།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལས་ ལེན་པའི་ཁྲིམས་དོན་བསམ་འཆར་ཚུ་ ཡིག་ཐོག་ལུ་ཨིན་དགོཔ་དང་ དེ་མིན་ ཡིག་ཚང་གིས་ ངག་ཐོག་ལས་ བྱིན་པའི་བསམ་འཆར་འདི་ལུ་ ཁྲིམས་དོན་བསམ་འཆར་སྦེ་ བརྩི་འཇོག་མེད། ཡིག་ཐོག་ཁྲིམས་དོན་བསམ་འཆར་འདི་ནང་ གཞན་དགོས་མཁོའི་ཡིག་ཆ་དང་ དངོས་པོའི་རིགས་དང་གཅིག་ཁར་ གནད་དོན་འདི་གི་ བཅུད་བསྡུས་བརྗོད་དོན་ ཚང་དགོ།

ད་ལྟོ་ཚུན་ཚོད་ཀྱི་བར་ན་ སྡེ་ཚན་འདི་གིས་ རྩོད་དོན་དང་འབྲེལ་བའི་བྲེལ་ཟིང་གི་ཐད་ བསམ་འཆར་བཀོད་ནི་དང་ གཞུང་གི་ལས་སྡེ་གཞན་ཚུ་གིས་ གྲོས་འཆར་བརྩམ་མི་དང་ཟིན་འགོད་བཏབ་མི་ ཁྲིམས་འདི་ཚུ་ ཁྲིམས་མཐུན་ཡིན་མིན་བལྟ་ནི་ དེ་ལས་གཞུང་གིས་ ལས་སྡེ་གཞན་དང་གཅིག་ཁར་ མཚན་རྟགས་བཀོད་ནིའི་དོན་ལུ་ གྲོས་འཆར་བརྩམ་ཡོད་མི་ རྒྱལ་སྤྱིའི་ཆིངས་ཡིག་དང་ གན་རྒྱའི་ཐོག་གི་ལས་གཡོག་གན་འཛིན་ཚུ་ ཁྲིམས་མཐུན་ཡིན་མིན་བལྟ་ནི་ལ་སོགས་པའི་ ཁྲིམས་དོན་ཞབས་ཏོག་གི་རིགས་ཚུ་བྱིན་ཡི།

གཞན་ཡང་ སྡེ་ཚན་འདི་ལུ་ རྒྱལ་ཁབ་ནང་གི་ ཁྲིམས་རྩོདཔ་ཚུ་ལུ་ རྒྱལ་སྤྱིའི་གནས་ཚད་ཁར་ དེང་སང་ཁྲིམས་ཀྱི་གནད་དོན་ཚུ་ དུས་མཐུན་བཞག་ཐབས་ལུ་ ཁྲིམས་ཀྱི་ཤེས་ཡོན་བྱིན་ནིའི་འགན་དབང་ཕོག་སྟེ་ཡོད།

སྡེ་ཚན་གྱི་ལཱ་འགན་གྲལ་ལས་ གཙོ་ཆེ་ཤོས་ཅིག་ མི་མང་ལུ་ ཁྲིམས་ཀྱི་གོ་བརྡ་སྤེལ་ནི་འདི་ཨིན། དམིགས་བསལ་དུ་ སྡེ་ཚན་གྱི་དམིགས་ཡུལ་འདི་ ན་གཞོན་ཚུ་ ངན་པའི་དབང་ལུ་ཐལ་ཏེ་ ཁྲིམས་འགལ་གྱི་ལཱ་འབད་ནི་ལས་ བཀག་ཐབས་ཀྱི་དོན་ལུ་ གོ་བ་བརྡ་སྤྲོད་འབད་ནི་འདི་ཨིན། སྡེ་ཚན་གྱིས་ ཤེས་རིག་ལྷན་ཁག་དང་གཅིག་ཁར་ མཉམ་འབྲེལ་གྱི་ཐོག་ལུ་ ལཱ་འབད་ཐོག་ལས་ དམིགས་དོན་དེ་བསྒྲུབ་ཚུགས་པའི་དམིགས་གཏད་བསྐྱེདཔ་ཨིན།

དེ་ལས་ སྡེ་ཚན་འདི་གིས་ ཉེས་བཤེར་གྱི་དོན་ལུ་ ཉེས་བཤེར་དང་རྩོད་བཤེར་སྡེ་ཚན་ལུ་ཡང་ གྲོགས་རམ་དང་རྒྱབ་སྐྱོར་ཚུ་བྱིན་དོ་ཡོདཔ་མ་ཚད་ འཕྲལ་འབྱུང་དུ་ དགོས་མཁོ་ཡོདཔ་སྦེ་འཆར་བ་ཅིན་ ཞིབ་དཔྱད་ཚོགས་ཆུང་ ཡང་ན་ འདུས་ཚོགས་ཀྱི་འཐུས་མི་འབད་དེ་ གཞུང་གི་ལས་སྡེ་ཚུ་ལུ་ ཕན་གྲོགས་ ག་དེ་དྲག་དྲག་འབདཝ་ཨིན།