དཔོན་ཡོངས་ཁྱབ་ཡིག་ཚང་ནང་ ཉམས་མྱོང་ཅན་གྱི་རྩོད་དཔོན་ཚུ་གིས་ གཞུང་གི་དོན་ལུ་ ཞབས་ཏོག་ཚུ་ དུས་དང་དུས་སུ་ཕུལ་ཞིན་ཡོད་རུང་ མཁས་མཆོག་སྡེ་ཚན་ཅིག་མེད་མི་ལས་བརྟེན་ གདོང་ལན་བྱུང་དང་བྱུང་བཞིན་ཡོདཔ་ཨིན། ཡིག་ཚང་འདི་ ཡར་རྒྱས་གོང་འཕེལ་འགྱོ་ནིའི་དོན་ལུ་ མཁས་མཆོག་དང་ལྡན་པའི་ལས་བྱེདཔ་དགོཔ་འདི་ གནམ་མེད་ས་མེད་ཁག་ཆེཝ་ལུ་གྱུར་ཏེ་ཡོདཔ་དང་ དེ་ཡང་ མི་སེར་ལུ་ ཞབས་ཏོག་ཚུ་ གྲུབ་འབྲས་ཅན་སྦེ་བྱིན་ཚུགས་པའི་ཐབས་ལུ་དམིགས་ཏེ་ཨིན། མཁས་མཆོག་ལས་བརྟེན་ སྤྱིར་བཏང་ཁྲིམས་ཀྱི་གནད་དོན་དང་ཁྲིམས་ཀྱི་ཁྱད་རིག་གི་དོན་ལུ་ ཕུགས་ཀྱི་སྲིད་བྱུས་བརྩམ་ནི་ནང་ ལྷན་ཐབས་སྦྱར་ཚུགས་པའི་ཁེ་ཕན་ཡོད། ལག་ལེན་ཚུ་ དྲན་ཤེས་ཀྱི་སྒོ་ལས་འཐབ་པ་ཅིན་ མཁས་མཆོག་དང་མ་ལྡན་པའི་ཞབས་ཏོག་བྱིན་ནི་དང་ དེ་ལས་ལྷགཔ་སྦེ་ སྤྱིར་བཏང་གྱི་སྡེ་ཚན་བརྒྱུད་དེ་ སྐྱོན་ཞུགས་ཀྱི་ཉེན་ཁ་འཐོན་ནི་ཚུ་ མར་ཕབ་བརྐྱབ་ཚུགསཔ་ཨིན།
མཁས་མཆོག་འགྲུབ་ནིའི་དོན་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ གསར་བཙུགས་འབད་ཡོད་མི་དེ་ཡངཿ
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་གཞི་འཛིན་གཞི་བཀོད་ཀྱི་ལས་བྱེད་ཚོགས་ཆུང་།
གཞུང་གི་ལས་སྡེ་ཁག་ཚུ་ནང་ལས་ཕར་ རྩོད་དཔོན་ཚུ་ ཁོང་རའི་འགན་ཁུར་འབག་པའི་སྐབས་ལུ་ གདོང་ལན་བྱུང་དོ་ཡོད་མི་ལས་བརྟེན་ སྤྱི་ཚེས་༡༥/༩/༢༠༢༠ ལུ་ ཡིག་ཚང་ནང་འཁོད་ལས་ མི་སྟོབས་འགོ་དཔོན་རྩིས་ཏེ་ སྡེ་ཚན་རེ་རེའི་ནང་ལས་ རྩོད་དཔོན་རེ་རེ་འཐུས་མི་སྦེ་བཙུགས་ཞིནམ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་གཞི་འཛིན་གཞི་བཀོད་ཀྱི་ལས་བྱེད་ཚོགས་ཆུང་ཅིག་ གཞི་བཙུགས་འབད་ཡོདཔ་ཨིན། ལས་ཚོགས་འདི་ལུ་ ལྷན་ཁག་དང་གཞུང་གི་ལས་སྡེ་ དེ་ལས་ རྫོང་ཁག་ཚུ་ནང་ལས་ཕར་ཕྱག་ཞུ་སྟེ་ཡོད་མི་ ཁྲིམས་དོན་འགོ་དཔོན་ཚུ་གི་ ལཱ་དང་འགན་ཁུར་ཚུ་ གསལ་ཏོག་ཏོ་སྦེ་ འགན་ཚད་ཅིག་བཟོ་ནིའི་དོན་ལུ་ ཁྲིམས་དོན་ཞབས་ཏོག་ཡན་ལག་སྡེ་ཚན་འོག་ལུ་ཡོད་པའི་ ཁྲིམས་དོན་འགོ་དཔོན་ཚུ་དང་གཅིག་ཁར་ གྲོས་བསྟུན་ཐོག་ལུ་ ལཱ་འབད་དགོཔ་སྦེ་འགན་ཁུར་སྤྲོད་དེ་ཡོད།
ལས་བྱེད་ཚོགས་ཆུང་གི་འགན་ཚད།
གཞུང་གི་ཁྲིམས་དོན་འགོ་དཔོན་ཚུ་གི་འགན་ཁུར་ གསལ་ཏོག་ཏོ་བཟོ་ནིའི་དོན་ལུ་ ལས་བྱེད་ཚོགས་ཆུང་གིས་འབག་དགོ་པའི་དམིགས་བསལ་འགན་ཁུར་ཚུ་ཡང་གཤམ་གསལ་ལྟརཿ
༡༽ ད་ལྟོ་ཡོད་པའི་ གཞུང་གི་ཁྲིམས་རྩོདཔ་གི་འགན་ཚད་བསྐྱར་ཞིབ་འབད་ནི།
༢༽ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་དང་ གཞན་ལྷན་ཁག་དང་ལས་ཁུངས་ཁག་གི་ཁྲིམས་རྩོདཔ་གི་འགན་ཁུར་ཚུ་ རྩོད་དོན་དང་འཁྲིལ་ཏེ་ ཧིང་སངས་ས་སྦེ་ཁ་དབྱེ་ནི།
༣༽ གཞུང་གི་ཁྲིམས་རྩོདཔ་ཚུ་དང་གྲོས་བསྟུན་ཐོག་ ཁོང་རའི་འགན་ཁུར་དང་འཁྲིལ་བའི་འགན་ཚད་བཟོ་ནི།
༤༽ གཞི་འཛིན་ལས་སྡེ་ནང་ཡོད་པའི་ཁྲིམས་རྩོདཔ་དང་ གཞུང་གི་ཡིག་ཚང་ཁག་ཚུ་ནང་ཡོད་པའི་ཁྲིམས་རྩོདཔ་ཚུ་གི་བར་ན་ བརྡ་དོན་སྤྲོད་ལེན་གྱི་དོན་ལུ་ གཞུང་འབྲེལ་རྒྱུན་ལམ་ཅིག་ ཞིབ་འཇུག་འབད་དེ་གྲོས་འཆར་བཙུགས་ནི།
༥༽ རྫོང་ཁག་དང་ལུང་ཕྱོགས་ཡིག་ཚང་ནང་ ཁྲིམས་དོན་འགོ་དཔོན་དགོཔ་ཡོད་མེད་ཀྱི་བརྟག་ཞིབ་འབད་དེ་ སྙན་ཞུ་འབད་ནི།
ཉེས་བཤེར་གྱི་གནས་ཚད།
རྩོད་དཔོན་ཡོངས་ཁྱབ་གསརཔ་བསྐོ་བཞག་གནང་ཡོད་མི་དང་འཁྲིལ་ དོན་མེད་རྩོད་གཞི་བཙུགས་མི་འདི་གིས་ ཁྲིམས་ཀྱི་འདུན་ས་ལུ་ རྩོད་གཞི་སྣ་ཚོགས་བྱུངམ་ལས་བརྟེན་ ཉེས་བཤེར་གྱི་ཚད་ལྡན་ལེགས་སྒྱུར་འབད་ནི་ནང་ དང་ལེན་འབད་ཡོདཔ་ཨིན། ཉེས་བཤེར་དང་ དེ་ལས་བརྟེན་པའི་ཚབས་ལྕིའི་བསྟར་སྤྱོད་འདི་གིས་ མི་སྡེ་ནང་ ཉེན་འཚབ་བཀལ་ནི་མེན་པར་ གནོད་སྐྱོན་མར་ཕབ་བརྐྱབ་དགོཔ་འདི་ ཁག་ཆེཝ་སྦེ་ཚོར་སྣང་བྱུང་ཡོདཔ་ཨིན། དེ་འབད་ནི་དེ་གིས་ རྩོད་གཞི་བསྐྱར་ཞིབ་འབད་བའི་སྐབས་ གནོད་འགེལ་འཐབ་པའི་གནས་ལུགས་ རྩོད་གཞིའི་གནས་སྟངས་མར་ཕབ་དང་ཉེན་ཁ་ཚབས་ཆེན་བཟོ་ནི་དང་ ཟད་འགྲོའི་ཁེ་ཕན་བརྟག་ཞིབ་ དེ་ལས་ ལེགས་སྒྱུར་བཙོན་ཁྲིམས་ཀྱི་གཞི་རྩ་དང་ མི་སྡེ་ནང་ལུ་ ཁྲིམས་མཐུན་བཟོ་ནི་བཅས་ སྤྱིར་བཏང་ཉེས་ཅན་དྲང་ཁྲིམས་རིམ་ལུགས་དཔྱད་ཞིབ་འབད་ནི་ཚུ་ ཆ་ཚང་སྦེ་བལྟ་དགོཔ་ཨིན། ཁྲིམས་ཀྱི་འདུན་ས་ལུ་ དྲི་འགུག་གཏང་ནིའི་གྲ་སྒྲིག་འབད་བའི་སྐབས་ རྒྱལ་ཁབ་ཀྱི་སྤྱིར་བཏང་དཔལ་འབྱོར་ མི་སྡེའི་སྡུག་གྱོང་དང་ དངུལ་འབྲེལ་གྱི་དཀའ་ངལ་ཚུ་ལུ་བརྩི་འཇོག་གི་སྒོ་ལས་ ཉེས་བཤེར་འབད་དགོཔ་ཨིན།
རྩོད་གཞི་མཐོ་གཏུགས་ཀྱི་གནས་ཚད།
མཐོ་གཏུགས་ཀྱི་གཞི་དོན་འདི་ བཙོན་ཁྲིམས་དང་ཉེས་ཁྲིམས་ ཡང་ན་ ཐོག་མའི་ཁྲིམས་འདུན་གྱིས་བརྩི་འཇོག་འབད་ཡོད་པའི་བདེ་ཐབས་ ཉམས་རྒུདཔ་དེ་ལུ་གནོད་སྐྱོན་གྱི་ཚབས་ཆེ་ཧིང་དང་ གནོད་སྐྱོན་དེ་དང་དོ་མཉམ་གྱི་ཉེས་པ་འཁྲི་ནི་ཚུ་ རྒྱུ་མཚན་དང་ལྡན་དགོཔ་ཨིན། མཐོ་གཏུགས་འབད་ནི་དེ་ཡང་ ཁྲིམས་ཀྱི་དོགས་གཞིའི་གཞི་རྩ་དང་འཁྲིལ་ནི་མ་གཏོགས་ དོན་ཁུངས་དོགས་གཞི་ལུ་གཞི་བཞག་ནི་མི་འོང་། ཆེ་མཐོ་ཁྲིམས་ཀྱི་འདུན་ས་ མཐོ་གཏུགས་འབད་བའི་སྐབས་ རྩོད་ཟླ་ལུ་ དྲང་ཁྲིམས་ལོག་སྤྱོད་འབྱུང་སྲིད་ནི་དང་ ཁྲིམས་དོན་གསལ་ཏོག་ཏོ་མེད་པ་ ཧེ་མ་ལས་ཁྲིམས་གཅོད་གྲུབ་པའི་རྩོད་གཞི་ལས་འགལ་བ་དང་ རྩོད་གཞི་ལས་རྒྱལ་ཁ་ཐོབ་སྲིད་པ་ཚུ་བརྩི་འཇོག་འབད་དགོཔ་ཨིན། མཇུག་ར་ ཁྲིམས་ཀྱི་དོགས་གཞི་སྒྲིང་སྒྲིང་སྦེ་ཡོད་པ་ཅིན་ ཡང་ན་ དེ་གི་དོན་འགྲེལ་འབད་དེ་ཡོད་པ་ཅིན་རྐྱངམ་ཅིག་ རྩོད་གཞི་གང་རུང་ཅིག་ འབྲུག་གི་མངོན་མཐོ་ཁྲིམས་ཀྱི་འདུན་ས་ལུ་མཐོ་གཏུགས་འབད་དགོཔ་ཨིན།
རྒྱལ་སྤྱི་ལས་དོན་དང་མཐའ་འཁོར་སྡེ་ཚན།
ལྷན་ཁག་དང་གཞུང་གི་ལས་སྡེ་ དེ་ལས་ ཁྲིམས་འབྲེལ་གཙུག་སྡེ་ཚུ་ལུ་ དམིགས་བསལ་རྒྱལ་སྤྱིའི་ཁྲིམས་དང་མཐའ་འཁོར་གྱི་ཁྲིམས་ཀྱི་གནད་དོན་ཐོག་ལུ་ ཁྲིམས་དོན་གྲོས་འབུལ་ཕུལ་ནིའི་དོན་ལས་ སྡེ་ཚན་གསརཔ་ཅིག་གཞི་བཙུགས་འབད་དགོ་པའི་གྲོས་འཆར་བཀོད་ནུག ཡིག་ཚང་འདི་གི་འོག་ལུ་ཡོད་པའི་སྡེ་ཚན་འདི་གིས་ ཟུང་ཕྱོགས་དང་མང་ཕྱོགས་ཞལ་འཛོམས་ནང་ལུ་ འབྲུག་གི་ངོ་ཚབ་སྦེ་བཅའ་མར་གཏོགས་ནི་ཨིནམ་དང་ གཞན་ཡང་ རྒྱལ་སྤྱི་འཁོན་འདུམ་ རྒྱལ་སྤྱི་ཚོང་འབྲེལ་གྱི་ཁྲིམས་ ཕྱི་དངུལ་མ་རྩ་ ཞི་བའི་མཁའ་འགྲུལ་གྱི་ཁྲིམས་ རྒྱལ་སྤྱི་ཉེས་འགེལ་ཁྲིམས་ དོན་གཅོད་ཁེ་དབང་དང་བཀག་སྲུང་ རྒྱལ་སྤྱི་འགྲོ་བ་མི་གི་དབང་ཆའི་ཁྲིམས་ རྒྱལ་སྤྱི་མཐའ་འཁོར་ཁྲིམས་ འཛམ་གླིང་སྤྱི་ཚོགས་དང་འབྲེལ་བའི་ཁྲིམས་དང་ རྒྱལ་སྤྱི་ལས་སྡེའམ་འདུས་ཚོགས་ཀྱི་ཐད་ལུ་ ཕྱག་ལཱ་གནང་ནི་ཨིན།
རྒྱལ་སྤྱི་ལས་དོན་དང་མཐའ་འཁོར་སྡེ་ཚན་གྱི་དམིགས་དོན་གྲངས་སུ་ རྒྱལ་ཁབ་ཀྱི་དོན་ལུ་ རྒྱལ་སྤྱི་ཁྲིམས་ཀྱི་མཁས་མཆོག་ཡར་རྒྱས་གཏང་ནི་ཚུ་ཚུདཔ་ཨིན། དེ་གི་ཁ་སྐོང་སྦེ་ སྡེ་ཚན་འོག་གི་ཆིངས་ཡིག་སྡེ་ཕྲན་གྱིས་ གཞུང་གིས་འགན་དབང་ལེན་མི་ ཆིངས་ཡིག་ག་ར་བྱ་སྒོ་འཐབ་སའི་ལྟེ་བ་ཅིག་སྦེ་ ལཱ་འབད་དགོ དེ་གི་གྲས་ཁར་ ཆིངས་ཡིག་གི་བྱ་སྒོའི་ནང་གྲལ་གཏོགས་ཡོད་པའི་བྱ་རིམ་ཚུ་ ཡར་དྲག་གཏང་ནི་དང་ཚད་ལྡན་བཟོ་ནི་ཚུ་ཚུདཔ་ཨིན། སྡེ་ཚན་འདི་གིས་ གཞུང་གིས་བཟོ་མི་ཆིངས་ཡིག་དང་ འབྲུག་གི་ཆིངས་ཡིག་ཉམས་ལེན་དང་འབྲེལ་བའི་བརྡ་དོན་ཚུ་གི་ཡིག་མཛོད་ལྟེ་བ་ཅིག་སྦེ་ཞབས་ཏོག་ཞུ་ནི་ཨིན།
རྒྱུ་དངོས་དང་འཁྲུན་ཆོད་བསྟར་སྤྱོད་སྡེ་ཕྲན།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་འགན་དབང་གྲས་ལས་གཅིག་འདི་ གཞུང་གི་ངོ་ཚབ་སྦེ་ ཉེས་བཤེར་དང་རྩོད་བཤེར་འབད་ནི་འདི་ཨིན། དེ་ཡང་ དྲང་ཁྲིམས་ལས་ཁུངས་དང་ དམིགས་བསལ་དུ་ ཉེས་བཤེར་དང་རྩོད་བཤེར་སྡེ་ཚན་གྱིས་ འགན་ཁུར་འབག་སྟེ་འབདཝ་ཨིན། ལས་ཁུངས་འདི་གི་འོག་ལུ་ཡོད་པའི་རྒྱུ་དངོས་དང་འཁྲུན་ཆོད་བསྟར་སྤྱོད་སྡེ་ཕྲན་འདི་ ཁྲིམས་འདུན་ལས་གནང་བའི་འཁྲུན་ཆོད་བསྟར་སྤྱོད་འབད་མི་སྡེ་ཕྲན་ཁག་ཆེ་ཏོག་ཏོ་ཅིག་ཨིན། དེ་ཡང་ རྒྱལ་ཁབ་ཀྱི་མཐའ་དོན་ལུ་དམིགས་ཏེ་ རྒྱལ་ཁབ་ཀྱི་ཐོན་སྐྱེད་ཉུང་སུ་ཅིག་ལས་བརྒལ་མེད་མི་འདི་ ཉམས་མ་བཅུག་པར་ཉེན་སྲུང་འབད་དགོཔ་སྦེ་ འཁྲུན་ཆོད་གནང་སྟེ་ཡོད་ན་ དེ་དང་འཁྲིལ་ཏེ་ དང་ལེན་འབདཝ་ཨིན། སྡེ་ཕྲན་འདི་ལུ་ ཁྲིམས་འདུན་ལས་གནང་བའི་འཁྲུན་ཆོད་བསྟར་སྤྱོད་འགྲུབ་ནིའི་འགན་ཁུར་ཡོདཔ་དང་ བསྟར་སྤྱོད་ཀྱི་རིགས་ཚུ་ཡང་ ཉེས་ཅན་འདི་ ཀུན་སྤྱོད་བསྐྱར་གསོ་ལྟེ་བ་ནང་གཏང་ནི་ ཉམས་རྒུད་པ་ལུ་རྒུད་འཐུས་སྤྲོད་ནི་ འཁྲུན་ཆོད་བུན་བདག་༼ལས་འཛིན་དང་ཞི་བའི་མི་སྡེ་གཞི་ཚོགས་ལ་སོགས་པ་༽ ལུ་ དངུལ་སོར་ཆུད་འབད་ནི་ རྒྱལ་ཁབ་ལུ་དངུལ་སོར་ཆུད་འབད་ནི་ བཙན་ལེན་འབད་མི་རྒྱུ་དངོས་ཚུ་ རིན་བསྡུར་འབད་ནི་དང་ ཁྲིམས་དང་རྒྱབ་འགལ་བྱུང་མི་ཨ་ལོ་ཚུ་ ཁ་བསྒྱུར་གཏང་ནི་ཚུ་ཨིན།
འགན་ཁུར་ཚུ་ འགན་ལེན་འབད་བའི་སྐབས་ སྡེ་ཕྲན་འདི་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ རྒྱལ་གཞུང་འབྲུག་གི་འགག་སྡེ་ འབྲུག་སྨྱོ་རྫས་བཀག་འཛིན་ལས་སྡེ་ རྒྱལ་གཞུང་གིས་དབང་བའི་ཚོང་ལས་ ཞི་བའི་མི་སྡེ་ལས་ཚོགས་ རྒྱལ་ཡོངས་རྒྱུ་དངོས་ལས་ཁུངས་ རྒྱལ་ཡོངས་ཨམ་སྲུ་དང་ཨ་ལོའི་ལྷན་ཚོགས་ བཅོས་ཁང་ ༼བཙོན༽ ཁྲིམས་ཀྱི་འདུན་ས་ ལྷན་ཁག་ ལས་སྡེ་དང་ ཁོང་རའི་རེ་བརྟེན་རྩིས་པའི་ཉམས་རྒུད་པ་དང་ཉེས་འཛུགས་ཅན་ཚུ་དང་གཅིག་ཁར་ འབྲེལ་བ་དམ་ཟབ་ཀྱི་སྒོ་ལས་ ལཱ་འབདཝ་ཨིན།
གཞུང་སྐྱོང་དང་ལས་འབྲེལ་ཁྲིམས་དོན་ཞབས་ཏོག་སྡེ་ཕྲན།
དྲང་ཁྲིམས་ལས་སྡེ་ནང་ ཚོང་འབྲེལ་དང་དངུལ་འབྲེལ་གྱི་ཁྲིམས་དོན་མཁས་མཆོག་མེད་མི་ལུ་བརྟེན་ གཞུང་གི་རྩོད་གཞི་ཕམ་ནི་དང་ རྩོད་བཤེར་སྔ་གོང་གི་ཟད་འགྲོ་དང་ཁྲིམས་སྡེའི་གྲོས་ཆོད་གཉིས་རྟགས་མ་མཐུན་པའི་གནད་ལས་ གཞུང་ལུ་དངུལ་གྱི་བྱེམ་སྦོམ་སྦེ་ཕོག་དོ་ཡོདཔ་ལས་ མི་དབང་མངའ་བདག་རིན་པོ་ཆེའི་ཐུགས་ཀྱི་ཚ་གྱང་སྦོམ་ཡོད་མི་འདི་བསྒྲུབ་ཐབས་ལུ་ ཡིག་ཚང་གི་ཁྲིམས་དོན་ཞབས་ཏོག་སྡེ་ཚན་འོག་ལུ་ གཞུང་སྐྱོང་དང་ལས་འཛིན་ཁྲིམས་དོན་ཞབས་ཏོག་སྡེ་ཕྲན་ཅིག་གཞི་བཙུགས་འབད་དགོཔ་བྱུང་ཡི།
དེ་བཞིན་དུ་ སྤྱི་ཚེས་༡༥.༩.༢༠༢༠ ལུ་ ད་ལྟོའི་རྩོད་དཔོན་ཡོངས་ཁྱབ་ དྲགོས་ལུང་བསྟན་གྲུབ་འགྱུར་གྱིས་ ལས་འབྲེལ་དང་དངུལ་འབྲེལ་ཁྲིམས་དོན་ནང་ མཁས་མཆོག་དང་ལྕོགས་གྲུབ་དང་ལྡན་པའི་སྡེ་ཚན་ཅིག་དགོ་པའི་གྲོས་འཆར་བཀོད་ཡོདཔ་ཨིན། སྡེ་ཕྲན་འདི་ འགོ་ཁྲིད་འབད་ནིའི་དོན་ལུ་ ཡིག་ཚང་ནང་འཁོད་ཀྱི་སྡེ་ཚན་ཚུ་ནང་ལས་ འབྲེལ་བ་ཡོད་པའི་ལས་བྱེདཔ་དག་པ་ཅིག་ སྡེ་ཕྲན་འདི་ནང་ གནས་སོར་བཏང་ཡོདཔ་ཨིན། ད་ལྟོའི་སྐབས་ལུ་འབད་བ་ཅིན་ གཞི་བཙུགས་འབད་མི་སྡེ་ཕྲན་འདི་གིས་ རག་ཙམ་ཐོག་ལུ་ གཞུང་གི་རིན་བསྡུར་ཡིག་ཆ་ཚུ་ནན་ཞིབ་འབད་ནི་ ད་ལྟོ་ཡོད་བཞིན་པའི་ གཞུང་གིས་གྲལ་གཏོགས་འབད་མི་ ཁག་འབག་ཡིག་ཆ་དང་གན་རྒྱ་ཚུ་ བསྐྱར་ཞིབ་འབད་ནི་ གནས་གོང་ཁེ་ཕན་བརྟག་ཞིབ་ཀྱིས་མ་དོ་བར་གྲངས་སུ་བརྩི་ནི་ ཉེས་བཤེར་ལས་བརྟེན་བྱུང་བའི་དངུལ་གྱི་དཀའ་ངལ་བརྟག་ཞིབ་དང་ གཞུང་གིས་བཀག་ཚུགས་པའི་རྩོད་བཤེར་སྔོན་འགོག་འབད་ནི་དང་ ཚོང་འབྲེལ་དང་དངུལ་འབྲེལ་གྱི་ཁྲིམས་ཚུ་ གོ་བ་ལེགས་ཤོམ་སྦེ་ལེན་ཏེ་དོན་འགྲེལ་འབདཝ་ཨིན།
ཚོང་ལས་ཁྲིམས་དོན་འཛིན་སྐྱོང་རིམ་ལུགས།
ཀོ་རོ་ན་ཝའི་རསི་ནད་ཡམས་འདི་གིས་ འཛམ་གླིང་ནང་ མི་ཚེའི་གནས་སྟངས་སྒྱུར་བཅོས་བཏང་ཡོད་མི་དང་འབྲེལ་ ང་བཅས་རའི་རྒྱལ་ཁབ་ནང་ཡང་ གཞུང་གི་ཕྱག་ལཱ་ཚུ་ཐོགས་ཆག་མེད་པར་གནང་ནི་དང་ བརྡ་དོན་སྤྲོད་ལེན་འབད་ནི་ནང་ བརྡ་དོན་འཕྲུལ་རིག་འདི་ འགྲན་ཟླ་མེད་པའི་ལག་ཆས་ཅིག་ལུ་གྱུར་ཏེ་ཡོདཔ་ཨིན།
དེ་དང་འཁྲིལ་ཏེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ནད་ཡམས་ཀྱི་གནས་སྟངས་དང་བསྟུན་ཏེ་ བརྡ་དོན་འཕྲུལ་རིག་འདི་ ཧྲིལ་བུམ་ལག་ལེན་འཐབ་དོ་ཡོདཔ་ཨིན། ཡིག་ཚང་གིས་ བརྡ་དོན་སྤྲོད་ལེན་གྱི་དོན་ལུ་ གློག་ཐོག་ཞལ་འཛོམས་གནང་དོ་ཡོདཔ་དང་ ཡིག་ཚང་འདི་ གཞུང་གི་ལས་སྡེ་ཁག་ལས་ཕར་ཡོད་པའི་ ཁྲིམས་དོན་འགོ་དཔོན་ཚུ་གི་གཞི་འཛིན་ལས་སྡེ་ཅིག་འབདཝ་ལས་ ཁོང་དང་གཅིག་ཁར་ མཉམ་འབྲེལ་བཞག་ནིའི་དོན་ལུ་ཡང་ གློག་ཐོག་ཞལ་འཛོམས་འདི་ མེད་ཐབས་མེད་པའི་ལག་ཆས་ཅིག་ལུ་གྱུར་ཏེ་ཡོདཔ་ཨིན། དེ་བཟུམ་སྦེ་ ཁྲིམས་འདུན་ལུ་ཞུ་ཚིག་ཕུལ་ནི་དང་ སྙན་གསན་ཞབས་བཅར་འབད་ནི་ཚུ་ གཞུང་གི་འགྲོ་སོང་ཆུང་ཀུའི་སྒོ་ལས་ དུས་ཐོག་ལུ་འབད་ཚུགས་པའི་གནད་ལས་བརྟེན་ གློག་ཐོག་ཉེས་བཤེར་གྱི་ཐབས་ཤེས་དང་འོས་འབབ་ཚུ་མཐོང་ཡོདཔ་ཨིན།
དེ་གིས་མ་དོ་བར་ ཧེ་མའི་མཁོ་མེད་ཀྱི་བྱ་རིམ་ཚུ་བཏོན་བཀོ་སྟེ་ གནད་སྡུད་ཚུ་ ཆ་གནས་ཅན་སྦེ་བཞག་ཐོག་ལས་ ཉེས་བཤེར་དང་རྩོད་བཤེར་ ཟིན་འགོད་དང་བསྐྱར་ཞིབ་ དེ་ལས་ ཁྲིམས་དོན་ཞབས་ཏོག་ག་ར་ དུས་ཡུན་ཐུང་ཀུ་ཅིག་གི་ནང་ལུ་བྱིན་ཚུགས་པའི་ཐབས་ལུ་དམིགས་ཏེ་ ཚོང་ལས་ཁྲིམས་དོན་འཛིན་སྐྱོང་རིམ་ལུགས་འདི་ལུ་གཙོ་བོར་བཏོན་དོ་ཡོདཔ་ཨིན།
ཞིབ་འཚོལ་གཞི་བཙུགས།
ཡིག་ཚང་འདི་གིས་ རྩོད་དཔོན་ཡོངས་ཁྱབ་ཀྱི་ལམ་སྟོན་བཟང་པོའི་འོག་ གཙུག་སྡེ་ནང་འཁོད་ལུ་ ཁྲིམས་ཀྱི་ལས་བྱེདཔ་ཡོངས་ཀྱི་ཤེས་ཡོན་དང་ལྕོགས་གྲུབ་གོང་འཕེལ་གཏང་ནིའི་དོན་ལུ་ སྔར་མེད་ཀྱི་ལས་རིམ་ཅིག་གཞི་བཙུགས་འབད་ཡོདཔ་ཨིན། ལས་རིམ་འདི་ནང་ དེང་སང་ཁྲིམས་ཀྱི་གནད་དོན་དང་གདོང་ལན་ཐོག་ལུ་ ཞིབ་འཚོལ་འབད་ཡོད་མི་ཚུ་ཡོདཔ་ཨིན། ཞིབ་འཚོལ་འདི་ཡང་ ཧེ་མ་ལས་མེད་པའི་གཞི་ཚོགས་གསརཔ་ཅིག་ གཞི་བཙུགས་འབད་ནིའི་དོན་ལུ་དམིགས་ཏེ་ བསྟར་སྤྱོད་དང་ཁྱབ་སྤེལ་འབད་ཡོདཔ་ཨིནམ་དང་ དེ་གིས་ འབྲུག་གི་ཁྲིམས་གཞིའི་རིག་པ་རྒྱ་སྐྱེད་དང་གོ་དོན་རྟོགས་ཚུགས་པའི་ཁེ་ཕན་ཡོདཔ་ཨིན།