རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་འདི་ གཞུང་གི་དབང་ཁྱབ་དང་ དབང་འཛིན་འོག་ལུ་ འགན་ཁུར་འབག་སྟེ་ ལཱ་འབད་མི་ རང་སྐྱོང་ལས་སྡེ་ཅིག་ཨིན། ཡིག་ཚང་གིས་ གཞུང་ལུ་ ཁྱད་རིག་དང་ལྡན་པའི་ཁྲིམས་དོན་ཞབས་ཏོག་ཚུ་ བྱིན་དོ་ཡོདཔ་དང་ ད་ལྟོ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་བཅའ་ཁྲིམས་༢༠༡༥ཅན་མའི་དགོངས་དོན་དང་འཁྲིལ་ཏེ་ ལཱ་འབད་དོ་ཡོདཔ་ཨིན། རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་འདི་ ཉེས་བཤེར་དང་རྩོད་བཤེར་གྱི་འགན་ཁུར་འབག་མི་ ལས་སྡེ་ལྟེ་བ་ཅིག་ཨིན། གཞན་ཡང་ གཞུང་གིས་ འགན་བཅོལ་འབད་བའམ་དྲི་གཏུགས་འབད་མི་ ཁྲིམས་ཀྱི་གནད་དོན་ཚུ་གི་ཐོག་ལུ་ བསམ་འཆར་བྱིན་ནི་དང་ གཞུང་གིས་ དྲི་གཏུགས་འབད་མི་ དཔྱད་ཡིག་ ཡང་ན་ བདག་སྐྱོང་གི་ཁྲིམས་བཟོ་ཚུ་ ཇི་མཁོ་ལྟར་ བསྐྱར་ཞིབ་ ཡང་ན་ ཟིན་འགོད་བཏབ་ཨིན།
མི་རྗེ་བློན་ཆེན་གྱིས་ རྒྱབ་སྣོན་འབད་དེ་ འབྲུག་མངའ་བདག་རྒྱལཔོ་མཆོག་གིས་ བདག་རྐྱེན་གནང་སྟེ་ཡོད་མི་ རྩོད་དཔོན་ཡོངས་ཁྱབ་ ༼འབྲུག་གི་ཁྲིམས་དོན་གཙོ་འཛིན་འགོ་དཔོན་༽ འདི་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ དབང་འཛིན་ཨིན།
རྩོད་དཔོན་ཡོངས་ཁྱབ་འདི་ ཁྲིམས་དོན་གཙོ་འཛིན་འགོ་དཔོན་ཅིག་ཨིནམ་ལས་ གཤམ་འཁོད་འགན་ཁུར་ཚུ་འབག་དགོ།
༡༽ རྒྱལ་བརྒྱུད་རྒྱལ་ཁབ་ཀྱི་རྩོད་གཞིའི་ནང་ དགག་ལན་འབད་དེ་ དྲང་ཁྲིམས་ཀྱི་རྗེས་སུ་བཟུང་སྟེ་ ཁོའམ་མོའི་བྱ་སྒོ་ཚུ་ འཐབ་དགོཔ་དང་།
༢༽ གཞུང་ལུ་ཁྲིམས་ཀྱི་གནད་དོན་ཆ་མཉམ་སྐོར་ གྲོས་འབུལ་ཕུལ་དགོཔ་དང་ ཁྲིམས་ཀྱི་གནས་ལུགས་ཨིན་པའི་འགན་ཁུར་གཞན་ཚུ་ བསྟར་སྤྱོད་བསྒྲུབ་དགོ།
༣༽ ཁྲིམས་འདུན་ཡོངས་ཀྱི་འདུན་ས་ལུ་ སྙན་གསན་གྱི་ཐོབ་དབང་ཡོད།
༤༽ ཡིག་ཚང་གི་བྱ་སྒོའི་བདག་སྐྱོང་འཐབ་དགོ།
༥༽ ཁྲིམས་ཀྱི་རིང་ལུགས་དང་དྲང་ཁྲིམས་གོང་ལུ་བཀུར་ནི་ཡོདཔ་ ངེས་གཏན་བཟོ་དགོཔ་ཨིན།
༦༽ དགོས་མཁོ་འཐོན་པའི་སྐབས་ རྒྱལ་བརྒྱུད་རྒྱལ་ཁབ་ཀྱི་ཕྱི་ཁའི་ཁྲིམས་འདུན་གང་རུང་གི་འདུན་སར་ གཞུང་གི་ཁ་ཐུག་ལས་ ངོ་ཚབ་འབད་དགོ།
༧༽ འབྲུག་རྒྱལ་པོ་མཆོག་དང་གཞུང་ལུ་ ཁྲིམས་ཀྱི་གནད་དོན་ཚུ་མ་ཚད་ རྒྱལ་ཡོངས་མཐའ་དོན་དང་འབྲེལ་བའི་གནད་དོན་ཚུའི་སྐོར་ མཁོ་གལ་ཡོད་པའི་གནས་ཚུལ་དང་ གྲོས་འབུལ་ཕུལ་དགོ།
༨༽ རྩོད་གཞི་གང་རུང་ཅིག་གི་བཤེར་གཏུགས་ ཡང་ན་ འགོ་བཙུགས་ནི་དང་ ཕྱིར་བཏོན་འབད་ནི་ཚུ་ ཁྲིམས་དང་འཁྲིལ་ཏེ་ འབད་ནིའི་དབང་ཚད་ཡོད།
༩༽ དམིགས་བསལ་གྱི་ཁྲིམས་དོན་ལཱ་སྐལ་ཚུ་ བསྒྲུབ་ནི་ལུ་ ནམ་ར་དགོས་མཁོ་ཡོདཔ་སྦེ་འཆར་བ་ཅིན་ ཁྱད་ཚད་ལྡན་པའི་རྒྱབ་མི་ལས་ ཞབས་ཏོག་ཚུ་ལེན་ཆོག།
༡༠༽ ཁྲིམས་དོན་གྱི་དྲི་བ་གང་རུང་ཅིག་གི་སྐོར་ལས་ སྤྱི་ཚོགས་ནང་ ངོ་བཅར་འབད་དེ་ བསམ་འཆར་ཚུ་ བརྗོད་ནིའི་ཐོབ་དབང་ཡོད།
༡༡༽ ཁོའམ་མོའི་འགན་ཁུར་ཚུ་སྒྲུབ་པའི་སྐབས་ ཞི་རྩོད་ ཡང་ན་ ཉེས་རྩོད་ཅིག་དང་འབྲེལ་བ་ཡོད་པའི་མི་ངོ་དང་ དངོས་འབྲེལ་ཅན་གྱི་འཛིན་ཐོ་ ཡིག་ཆ་ རྒྱུ་དངོས་ཚུ་ ལེན་ཏེ་སྤྱོད་དགོ
ཡིག་ཚང་གིས་ ཞི་བའི་རྩོད་གཞི་ཅིག་གི་ནང་ སྒེར་གྱི་མི་ཁུངས་གང་རུང་ཅིག་གི་ཁ་ཐུག་ལས་ ངོ་ཚབ་འབད་ནི་མེད།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཁྲིམས་འདུན་གང་རུང་གི་འདུས་ས་ལུ་ ངན་ལྷད་ཀྱི་ཉེས་འཛུགས་རྩིས་པའི་ ཉེས་ཅན་གནོད་འགེལ་གྱི་ཉེས་འཛུགས་གྲུབ་པའི་ སྤྱི་གཡོགཔ་གང་རུང་གི་ཁ་ཐུག་ལས་ དགག་ལན་འབད་ནི་མེད། ཡིག་ཚང་གི་ལཱ་འགན་གྱི་མཚམས་ཚོད་འདི་ སྤྱི་གཡོགཔ་ཚུའི་གཞུང་འབྲེལ་གྲོས་ཆོད་ངེས་བདེན་ཚུ་ ཁྲིམས་ཀྱི་འདུན་ས་ཅིག་ནང་ གདོང་ལན་འབད་ཡོད་པའི་སྤྱི་གཡོགཔ་ཚུ་ དགག་ལན་འབད་ནི་ཨིན།
གཞུང་གི་ལས་སྡེ་གང་རུང་གིས་ རྩོད་བཤེར་ ཡང་ན་ ཉེས་བཤེར་གྱི་དོན་ལུ་ རྩོད་གཞི་ཅིག་གི་སྐོར་ལས་ དྲི་གཏུགས་འབད་ཆོགཔ་དང་ རྩོད་གཞི་དེ་གི་སྙན་ཞུ་དང་སྒྲུབ་བྱེད་ཆ་ཚང་ ཡིག་ཚང་ལུ་སྤྲོད་དགོ།
ཡིག་ཚང་གིས་ རྩོད་གཞི་ཅིག་ གཞི་གནས་ག་ཅི་ལུ་ གཙོ་བོར་བཟུང་སྟེ་ གཏན་འཁེལ་བཟོཝ་སྨོ་ཟེར་བ་ཅིན་ གལ་སྲིད་ སྒྲུབ་བྱེད་དང་སྤྱི་དོན་གཉིས་ཆ་རའི་བརྟག་དཔྱད་ མཐར་འཁྱོལ་ཏེ་ཡོད་པ་ཅིན་རྐྱངམ་ཅིག ཡིག་ཚང་གིས་ ཉེས་བཤེར་འགོ་བཙུགས་དགོཔ་དང་ གལ་སྲིད་ ཡིག་ཚང་གི་བསམ་འཆར་ལུ་ ཉེས་རྩོད་ཅིག་ ཐེ་ཚོམ་ལས་གྲོལ་བའི་མངོན་རྟགས་སྟོན་ནི་ལུ་ ཡིད་ཆེས་རུང་བའི་སྒྲུབ་བྱེད་ལངམ་སྦེ་ཡོད་པ་དང་། ཉེས་བཤེར་ཅིག་བཙུགས་ནི་དེ་ མི་མང་མཐའ་དོན་ལུ་ མཁོ་གལ་ཡོདཔ་སྦེ་ འཆར་བ་ཅིན་ ཉེས་བཤེར་བརྟག་དཔྱད་འདི་ མཐར་འཁྱོལ་ཏེ་ཡོདཔ་སྦེ་ བརྩི་དགོཔ་ཨིན།
ཡིག་ཚང་གིས་ གཞུང་གིས་ དྲི་གཏུགས་འབད་བའི་ཁྲིམས་ཀྱི་གནད་དོན་ཐོག་ལུ་ ཁྲིམས་དོན་བསམ་འཆར་བཀོད་ནི་མ་གཏོགས་ མི་མང་ལུ་ ཁྲིམས་དོན་བསམ་འཆར་ཚུ་ བྱིན་མི་ཆོག། ཨིན་རུང་ ཡིག་ཚང་གིས་ ཁྲིམས་དོན་ལས་བྱེདཔ་ཚུ་ལུ་ ཁྲིམས་དོན་ཤེས་ཡོན་བྱིན་ཆོག་པའི་ཁར་ མི་མང་ལུ་ ཁྲིམས་རིགས་ཀྱི་གོ་བ་བརྡ་སྤྲོད་འཕེལ་རྒྱས་གཏང་ཐབས་ལུ་ གནས་ཚུལ་ཚུ་སྤེལ་ཆོག།
ཡིག་ཚང་གིས་ གཞུང་ལུ་རྐྱངམ་ཅིག་ དགོས་མཁོའི་ཡིག་ཆ་ ཡང་ན་ བརྡ་དོན་གཞན་ཚུ་རྒྱབ་རྟེན་སྦེ་ ཡིག་ཐོག་ ཚིག་ཉུང་དོན་གསལ་གྱི་བརྗོད་དོན་འཁོད་དེ་ཡོད་པ་ཅིན་ ཁྲིམས་དོན་བསམ་འཆར་ཚུ་བྱིནམ་ཨིན། གཞན་ཡང ཡིག་ཚང་གིས་ ལྷན་རྒྱས་གཞུང་ཚོགས་ལས་ ཡིག་ཐོག་བཀའ་ཁྱབ་ཐོབ་པ་ཅིན་རྐྱངམ་ཅིག་ ཁྲིམས་དོན་བསམ་འཆར་བྱིནམ་ཨིན།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཟིན་འགོད་བཏབ་འོང་། དེ་ཡང་ གཞུང་གིས་ དྲི་གཏུགས་འབད་མི་ དཔྱད་ཡིག་ ཡང་ན་ བདག་སྐྱོང་གི་ཁྲིམས་བཟོ་ཚུ་ ཟིན་འགོད་བཏབ་ཨིན།
ལྷན་ཁག་ ཡང་ན་ གཞུང་གི་ལས་སྡེ་གང་རུང་ཅིག་གིས་ ཡིག་ཚང་ལས་ ཁྲིམས་དོན་བསམ་འཆར་ལེན་ནིའི་སྐོར་ལས་ ༼བདག་སྐྱོང་བྱ་སྒོའི་དོན་ལུ་ ལྷན་རྒྱས་གཞུང་ཚོགས་ལས་བརྒྱུད་དེ་༽ གཞུང་ལུ་ ཡི་གུ་འབྲི་དགོཔ་དང་ ཡིག་ཚང་གིས་ ལྷན་རྒྱས་གཞུང་ཚོགས་ལས་ ཡིག་ཐོག་བཀའ་ཁྱབ་ཐོབ་པ་ཅིན་རྐྱངམ་ཅིག་ ཁྲིམས་དོན་བསམ་འཆར་བྱིནམ་ཨིན།
གཞུང་གིས་ ཡིག་ཚང་ལུ་ དྲི་གཏུགས་འབདཝ་དང་བཅས་ དངོས་འབྲེལ་ཅན་གྱི་ཡིག་ཆ་ག་ར་རྩིས་ཏེ་ དཔྱད་ཡིག་བརྩམ་ནི་ལུ་ མངོན་གསལ་ཅན་གྱི་སྲིད་བྱུས་ལམ་སྟོན་རྒྱས་པ་ ཡིག་ཚང་ལུ་སྤྲོད་དགོ། ཡིག་ཚང་འདི་ ཟིན་འགོད་བཏབ་སའི་ཡིག་ཚང་ཅིག་འབདཝ་ལས་ གཞུང་ལས་ སྲིད་བྱུས་ལམ་སྟོན་རྒྱས་པ་ཐོབ་པའི་རྗེས་སུ་ སྲིད་བྱུས་དེ་ཚུ་ ཁྲིམས་ཡིག་ལུ་བསྒྱུར་ཏེ་ དཔྱད་ཡིག་བརྩམ་དགོ། དེ་མ་ཚད་ དཔྱད་ཡིག་ཅིག་ བརྩམ་པའི་སྐབས་ལུ་ ཟིན་འགོད་བཏབ་མི་དང་ ཞུ་བ་འབད་མི་ལས་སྡེ་གཉིས་ཀྱི་བར་ན་ བརྡ་དོན་བརྗེ་སོར་གྱི་འབྲེལ་བ་བཞག་ཐབས་དང་ ཡིག་ཚང་ལུ་ཕན་རླབས་འཇུག་པའི་དོན་ལུ་ འབྲེལ་ཡོད་ལྷན་ཁག་ ཡང་ན་ དངོས་འབྲེལ་ཅན་གྱི་ལས་སྡེ་གིས་ འགོ་དཔོན་ཅིག་ངོས་འཛིན་འབད་དགོ།
ཡིག་ཚང་གིས་ གཞུང་ལས་ དྲི་གཏུགས་འབད་མི་ དཔྱད་ཡིག་དང་བདག་སྐྱོང་གི་ཁྲིམས་བཟོ་ཚུ་ བསྐྱར་ཞིབ་འབད་འོང་། དཔྱད་ཡིག་བསྐྱར་ཞིབ་ཀྱི་དགོས་དོན་ལུ་ སྲིད་བྱུས་ལམ་སྟོན་རྒྱས་པ་ཚུ་ ངེས་གཏན་སྦེ་ ཁྲིམས་ཡིག་ལུ་ བསྒྱུར་ཏེ་ཡོད་མེད་ བདེན་དཔྱད་འབད་དགོ།